དེ་རིང་དྷ་ས་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བོད་དོན་ཆེད་སྐུ་ལས་སྐྱོན་མཁན་འདས་སོན་ཡོངས་ལ་མཆོད་འབུལ་ཞིག་ཚོགས་པ་དང་འབྲེལ་ཏེ། ཨ་རི་དང་ཡུ་རོབ་སོགས་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་གསུངས་སོང་།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་། དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྲིད་སྐྱོང་ལས་འཁུར་བཞེས་ཏེ་ལོ་ཧྲིལ་བོ་ ༤ འཁོར་བ་དང་བསྟུན་ཏེ། ༧གོང་ས་མཆོག་གི་སྐུའི་ཚེ་སྒྲུབ་དང་། བོད་ཕྱི་ནང་གཉིས་སུ་བོད་དོན་རང་སྲོག་དོར་མཁན་སྤྱི་དང་། ལྷག་པར་དུ་རང་ལུས་མེ་བསྲེགས་གནང་མཁན་དང་བོད་དོན་ཆེད་སྐུ་ལས་སྐྱོན་མཁན་ཡོངས་ལ་རྗེས་དྲན་དང་གདུང་སེམས་མཉམ་སྐྱེས་ཆེད། མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་སོང་།
མཆོད་འབུལ་སྨོན་ལམ་དེའི་སྟེང་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་གཞུང་ཞབས་ལས་བྱེད། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་སོང་།
སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། དེ་རིང་འདིར་འཛོམས་དགོས་དོན་དེ། ༢༠༡༡ ལོའི་ཟླ་ ༨ པའི་ཚེ་ ༨ ཉིན་མོར་བཀའ་བློན་ཁྲི་བའི་དམ་བཅའ་ཕུལ་པ་དང་། དེ་ནས་ ༢༠༡༣ ལོའི་ཟླ་ ༨ ཚེས་ ༨ ཉིན་མོའི་བར་ཆབ་སྲིད་ཀྱི་སྐུ་དབང་གནང་ནས་ལོ་གཉིས་འཁོར་བའི་དུས་ཆེན་སྲུང་གཙུ་བྱེད་པ་དང་ཆབས་ཅིག་བོད་ནང་དུ་ཡོད་པའི་རང་ལུས་མེ་བསྲེགས་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེས་ཆེད་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་པ་རེད། དེ་ནས་ལོ་གསུམ་པའི་ནང་བོད་ནང་ལ་རང་ལུས་མེ་བསྲེགས་གནང་མཁན་མང་དུ་ཕྱིན་པའི་སྐབས་ཕྱི་ཟླ་ ༨ ཚེས་ ༨ ཉིན་ཆོས་འབུལ་སྨོན་ལམ་རྒྱས་པ་ཞིག་ཕུལ་ཏེ། ད་ལོ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་རེད།
ངས་སྔོན་མ་ནས་ཞུས་པ་ཡིན། བོད་ནང་ལ་རང་ལུས་མེ་བསྲེགས་གཏོང་མཁན་ཁོང་རྣམ་པ་གྲངས་ཀ་ལ་མ་ཕྱིན་པ་ཞིག་བྱ་དགོས། ད་ལོ་བར་བོད་ནང་ལ་རང་ལུས་མེ་བསྲེགས་གནང་མཁན་ ༡༤༡ ཆགས་ཡོད་དང་། ད་ལོ་གཅིག་པུར་མི་ ༦ བྱུང་ཡོད་པ་ཚང་མ་འདས་གྲོངས་སུ་ཕྱིན་ཡོད། ཉེ་ཆར་སྐྱེ་རྒུ་མདོ་ནས་ཡིན་པའི་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རང་ལུས་མེ་བསྲེགས་གནང་ནས་འདས་གྲོངས་སུ་ཕྱིན་པ་རེད། གཞི་རྩའི་རང་ལུས་མེ་བསྲེགས་གནང་པའི་སྐབས་ལ་ང་ཚོས་མཆོད་འབུལ་སྨོན་ལམ་ཞུ་བཞིན་ཡོད་ཀྱང་། འདས་གྲོངས་མ་སོང་བ་ཚོར་ཡང་ང་ཚོས་ད་ལོ་མཆོད་འབུལ་སྨོན་ལམ་རྒྱས་པའི་སྐབས་ལ་ཁོང་རྣམ་པ་ཚང་མའི་ཆེད་དུ་ཐུགས་སྨོན་གཏོང་པ་དང་ཁོ་རང་ཚོའི་ཡུལ་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེས་ཞུ་བཞིན་ཡོད།
ད་ལོར་འདི་འདྲ་འཛོམས་པའི་ཐོག་ལ། བོད་ནང་གི་དོན་གྱི་བདག་པོ་ཚོས་སྐུ་ལས་ག་ཚོད་སྐྱོན་གྱི་ཡོད་མེད། དེ་བཞིན། རྩ་དོན་ཆེད་དུ་རྩ་ཆེའི་ལུས་སྲོག་ཡན་ཆད་བློས་གཏོང་གི་ཡོད་པ་དེ་ཚོ་ང་ཚོས་དྲན་གསོ་བྱས་ན། ང་ཚོའི་སེམས་ནང་ལའང་ཚོར་བ་ཞིག་བསླེབ་པ་དང་། ང་ཚོའི་སེམས་ཀྱི་དམ་བཅའ་བསྐྱར་གསོ་དང་སྙིང་སྟོབས་སྐྱེ་རྒྱུ། རྒྱ་ནག་གི་གདུག་རྩུབ་འོག་ལ་གནས་པའི་བོད་མི་རྣམས་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་དུས་ནམ་ཡང་བརྗེད་ཐབས་མེད་པ་དང་། ཁོ་རང་ཚོའི་སྨོན་འདུན་འགྲུབ་རྒྱུ་དེ་ང་ཚོའི་ལས་འགན་གལ་ཆེ་ཤོས་ཡིན་ཞེས་རྒྱུན་པར་ཞུ་བཞིན་ཡོད།
ཁོང་གིས་མུ་མཐུད་དུ་གསུངས་རྒྱུར། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་སྤྱི་མོས་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་གཉིས་བཞག་ཡོད་པ་རེད། གཙོ་ཆེ་བ་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་གྱ་དོན་དང་འབྲེལ་པའི་གྲོས་ཆོད་བཞག་པ་དེ་བཀའ་དྲིན་ཆེན་པོ་ཞེ་དྲགས་རེད། དེའི་ནང་དོན་ལ་བོད་ནང་ལ་ད་དུང་ཛ་དྲག་གི་གནས་སྟངས་ཡིན་པ་དང་། ཁོར་ཡུག་གཏོར་བཤིག་གཏོང་གི་ཡོད་པ། རིག་གཞུང་རྩ་མེད་གཏོང་གི་ཡོད་པ། འགྲོ་བ་མིའི་ཐོབ་ཐང་མེད་པ་ཆ་ཚང་བཀོད་པའི་ཐོག བོད་རྒྱ་གྲོས་མོལ་ཐོག་ནས་བོད་དོན་གསལ་དགོས་ཀྱི་ཡོད་པ། བོད་མིའི་སྒྲིག་འཛུགས་ཞེས་ཆེད་མངགས་མིང་བཏོན་ཡོད་པ་རེད། གྲོས་ཚོགས་གོང་འོག་སྤྱི་མོས་གཏན་ལ་ཕབ་པའི་ནང་ལ་བོད་མིའི་སྒྲིག་འཛུགས་ཞེས་ནས་བཀོད་པ་དེ་ཕལ་ཆེར་དང་པོ་རེད་སེམས་ཀྱི་འདུག ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ལམ་ལུགས་ཡོད་པ་དེར་གཞུང་འབྲེལ་གྱི་ཐོག་ནས་ངོས་འཛིན་མེད་ཀྱང་གྲོས་ཆོད་ནང་བཀོད་པ་དེ་༧་གོང་ས་མཆོག་གིས་གསོལ་རེས་གནང་བཞག་པ་དེར་ཆེ་མཐོང་གནང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུངས་སོང་།
ཁོང་གིས་ཡུ་རོབ་མཐུན་ཚོགས་ཀྱིས་བོད་དོན་གླེང་བའི་སྐོར་གསུངས་དོན། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ (Li Keqiang)ཡུ་རོབ་ཏུ་ཕེབས་པའི་སྐབས་ལ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཊོལ་ནོའུ་ (Donald Tusk) རང་གིས་གསར་འགོད་ལྷན་ཚོགས་སྐབས། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་རང་ལ་བོད་དང་ཤིན་ཅང་ནང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དཀའ་ངལ་ཡོད་པ་དང་། དེའི་ནང་ནས་བོད་དོན་དེ་་གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་གི་སྐུ་ཚབ་བར་གྲོས་མོལ་གནང་སྟེ་སེལ་ཐབས་བྱ་དགོས་པ་རེད་ཅེས་དངོས་སུ་བཤད་འདུག དེ་ཡིན་དུས་བོད་ནང་ལ་རང་ལུས་མེར་བསྲེགས་གནང་མཁན་གཙོས་བའི་འཐབ་རྩོད་བྱེད་མཁན་དང་ངོ་རྒོལ་བྱེད་མཁན། ལས་འགུལ་སྤེལ་མཁན་མང་པོ་ཞིག་ཡོད་པ་དེ་ཚོར་རྒྱལ་སྤྱིའི་ཐོག་ཨ་རི་དང་ཡུ་རོབ་གཙོས་པའི་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོང་གི་འདུག་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
སྲིད་སྐྱོང་ལོ་བཞི་འཁོར་བའི་མཆོད་འབུལ་སྨོན་ལམ་ནི་འགྱོད་བཤགས་ཤིག་དང་རེ་བ་ཞིག་ཡིན་པ་འདྲ།
བཀའ་ཤག་སྐབས་བཅུ་བཞི་པའི་མཆོད་འབུལ་སྨོན་ལམ་དང་དུས་འཁོར་དབང་ཆེན་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་མང་པོ་ཞིག་ཆབ་སྲིད་ལ་མཉམ་བསྲེས་ཡིན་པར་མི་མང་ནང་གླེང་མོལ་ཧ་ཅང་མང་། དེང་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་གཅིག་བུ་མིན་པར་བཀའ་བློན་ཕྱག་རོགས་མང་པོ་ཞིག་སྲིད་སྐྱོང་དང་མཉམ་དུ་མཆོངས་རྒྱག་བྱེད་བཞིན་ཡོད། དཔེ་མཚོན་ཙམ་ཞུས་ན་ཉེ་ཆར་ཨ་རི་ནས་ཆོས་རིག་བཀའ་བློན་གྱིས་གནང་བའི་གཏམ་བཤད་དང་། རྡ་སའི་དབུས་གཙང་ཚོགས་འདུ་ཞིག་ཏུ་ཤེས་རིག་བཀའ་བློན་གྱིས་གནང་བའི་གཏམ་བཤད། འཕྲོད་བསྟེན་ལས་ཁུངས་ཀྱི་མིང་གཡར་ཏེ་འཕྲོད་བཀའ་བློན་གྱིས་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་སྒེར་གྱི་གཏམ་བཤད་ལ་ལན་འདེབས་བྱེད་ཚུལ་སོགས་ལ་གཟིགས་དང་གསུང་འགྲོས་ན་སྐབས་བཅུ་དྲུག་པའི་རེ་བ་ཞིག་འཁུར་བཞིན་ཡོད་པ་དང་། གཅིག་རྒྱབ་གཅིག་ལངས་བྱེད་བཞིན་ཡོད་པ་ཤེས་ཐུབ་པས། རིང་མིན་ཕྱི་རྒྱལ་ཁག་དང་ཕྱོགས་སྐྱོད་དུ་ཕེབས་མཁན་གྱི་བཀའ་བློན་རྣམ་པས་བཀའ་ཤག་སྐབས་བཅོ་ལྔ་པ་ཡག་རབས་འཇོན་རབས་ཀྱི་མི་མང་ལ་མགོ་སྐོར་མི་གཏོང་བའི་རེ་བ་བྱེད་བཞིན་ཡོད།