རྩིབས་རི་རྒོད་ཕྲུག
ཐོག་མའི་ཀུན་སློང་བྱུང་སྟངས།
བོད་ལ་དུས་འགྱུར་བྱུང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་ཡོངས་ལ་ཤེས་ཡོན་གྱི་གལ་གནད་སྐོར་ལ་སློབ་གསོ་ཡང་ནས་ཡང་དུ་ཕེབས་བཞིན་ཡོད་རུང་། དུས་སྐབས་དེ་དག་ཏུ་བཙན་བྱོལ་བོད་མི་སྤྱི་བྱིངས་ཀྱི་འཚོ་བའི་མཐུན་རྐྱེན་ཞན་པོ་ཡིན་ཁར། འཚོ་རྟེན་ཀྱང་དཔུང་པ་ས་འོག་ཏུ་བཅུག་ནས་ཉིན་རེའི་མི་ཚེ་སྐྱེལ་བཞིན་ཡོད་སྟབས། ༸གོང་ས་མཆོག་དང་བོད་གཞུང་ནས་བཀའ་སློབ་ཕེབས་མིན་ལ་མ་ལྟོས་པར་ཕ་མ་འགའ་རེས་འཚོ་བའི་ཆེད་དུ་བུ་ཕྲུག་སློབ་གྲྭར་མི་གཏོང་བ་དང་བཏང་ཡང་ཕྱིར་འཐེན་བྱས་པ་སོགས་ཀྱི་དཀའ་ངལ་ཡང་ཡང་བྱུང་གི་ཡོད། ཕྱི་ལོ་ ༡༩༧༧ ལོའི་ཟླ་བ་ ༩ པའི་ཚེས་ ༧ ཉིན་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་ཟླ་བ་ཚེ་རིང་ལགས་དྷ་ས་བོད་ཀྱི་གཞོན་ནུའི་དབུས་རྒྱུན་ལས་ཁང་དུ་ཡིག་སྐྱེལ་དང་གད་པ་གཅིག་ལྕོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་ཐོབ་ཅིང་དེ་ནི་ཁོང་གིས་སྤྱི་ཚོགས་ཀྱི་ལས་གནས་ནང་དངོས་སུ་ཞུགས་ནས་༸གོང་ས་མཆོག་གི་དགོངས་གཞི་ལྟར་གཞན་ཕན་གྱི་ལས་གཞི་སྣ་མང་སྤེལ་མགོ་བཙུགས་པའི་གོམ་པ་ཐོག་མ་དེའང་ཡིན།
དུས་སྐབས་དེར་ཁོང་གིས་ཕྱོགས་གཅིག་ནས་ལས་ཁང་དེར་ཡིག་སྐྱེལ་པའི་ཞབས་ཞུ་བསྒྲུབས་ཤིང་། ཕྱོགས་གཞན་ཞིག་ནས་དྷ་ས་ཉེ་ཁུལ་གྱི་བོད་མིའི་གནས་སྟངས་ལ་དོ་སྣང་བྱེད་མགོ་ཚུགས། སྐབས་དེར་དྷ་ས་ཉེ་ཁུལ་ན་དཀའ་ངལ་ཞིག་ཡོད་པ་ནི་ཕྲུ་གུ་ཆུང་ཆུང་རྣམས་བཅོལ་འཇོག་བྱེད་སའི་བུ་བཅོལ་ཁང་ལྟ་བུ་ཞིག་མེད་པ་དང་། ཕྲུ་གུ་ཆེ་བ་རྣམས་སློབ་གྲྭར་གཏོང་ས་མེད་པ། ཡོད་ཀྱང་འཚོ་རྟེན་ལ་ཕན་རེའི་ཆེད་སློབ་གྲྭར་མི་གཏོང་བ་སོགས་རེད། ཟླ་བ་ཚེ་རིང་ལགས་ཀྱིས་དཀའ་ངལ་དེ་དག་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། ༸གོང་ས་མཆོག་དང་བོད་གཞུང་ནས་ཕྲུ་གུ་སློབ་གྲྭར་གཏོང་གལ་ཆེ་བའི་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་སྟབས་དེ་དག་སྙིང་བཅངས་ཀྱིས་དྷ་ས་ཉེ་ཁུལ་དུ་བུ་བཅོལ་ཁང་ངམ་སྔོན་འགྲོའི་སློབ་གྲྭ་ཞིག་དགོས་གལ་ཆེ་བའི་བསམ་བློ་ཐོག་མར་ཡིད་ལ་འཁོར། དུས་སྐབས་དེར་རང་ཉིད་ཡིག་སྐྱེལ་པ་ཞིག་དང་གད་པ་ཞིག་ཡིན་སྟབས་དེ་ལྟ་བུའི་བསམ་བློ་འཁོར་ཡང་བྱ་ཐབས་ཟད། ཐབས་ལམ་ཞིག་ཡོད་པ་ནི་རང་གི་སྤྱི་སྨན་དགོངས་འཆར་རྣམས་སྦ་གསང་མེད་པར་མེགྷན་གཞོན་ལྷན་ལ་སྙན་སེང་ཞུ་རྒྱུ་དེ་རེད།
ཕྱི་ལོ་ ༡༩༨༢ ལོར་མེགྷན་གཞོན་ནུའི་རུ་ཁག་ལྷན་འཛོམས་སྐབས། རང་གི་དགོངས་འཆར་རྣམས་སྦ་གསང་མེད་པར་ཞུས། འོན་ཀྱང་སྐབས་དེར་རང་ཉིད་ཀྱི་དགོངས་འཆར་ཁག་ལ་བདག་པོ་རྒྱག་མཁན་མ་བྱུང་བར་ཆུ་ནང་རྡོ་འཕངས་པ་ལྟར་གོ་མེད་ཚོར་མེད་དུ་གྱུར་ཏེ་རྒྱབ་སྐྱོར་ཐོབ་མེད།
གཅེས་འཛིན་ཕ་མའི་སློབ་གྲྭ།
ལྷག་བསམ་གཡོ་བ་མེད་པའི་ཁོང་གིས་རང་ཉིད་ཀྱི་ཐོག་མའི་སློབ་གྲྭ་གསར་འཛུགས་ཀྱི་བསམ་འཆར་ལ་མེགྷན་གཞོན་ནུ་ལྷན་ཚོགས་ནས་རྒྱབ་སྐྱོར་ཐོབ་མེད་ཀྱང་། བོད་མིའི་བདེ་སྡུག་ལ་སེམས་འཁུར་ཆེ་བའི་ཁོང་གིས་ཡིད་མ་ཞུམ་པར་ཕྱི་ལོ་ ༡༩༨༣ ལོའི་ཟླ་བ་ ༤ ཚེས་ ༢༦ ཉིན་དྷ་ས་ཉེ་ཁུལ་གྱི་མང་ཚོགས་ལ་གོ་བསྡུར་གྱིས་སློབ་གྲྭ་གསར་འཛུགས་ཀྱི་བསམ་ཚུལ་དང་འཆར་གཞི་ཁག་གསལ་བཤད་བྱེད་མགོ་བཙུགས། ཕྲུ་གུ་ལྟ་སྐྱོང་དང་སློབ་འཇུག་གི་དཀའ་ངལ་འཕྲད་བཞིན་པའི་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་ཁོང་གི་དགོངས་འཆར་ལ་རྒྱབ་སྐྱོར་གྱིས་མང་ཚོགས་འཐུས་མི་ ༡༡ ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ་ཚོགས་ཆུང་དེའི་ལས་འགན་དང་པོ་དེ་སློབ་གྲྭ་དེ་འདྲ་ཞིག་བཙུགས་ན་འབྲེལ་ཡོད་བོད་གཞུང་ཤེས་རིག་ལྷན་ཁང་དང་བོད་ཁྱིམ་ཉིན་སློབ་བཅས་ནས་དགོངས་ཚུལ་མི་ལེགས་པ་དང་དགག་བྱ་ཡོང་མིན་གྱི་སྙན་སེང་ཞུ་རྒྱུའི་འཆར་གཞི་བསྒྲིགས། བོད་གཞུང་དང་བོད་ཁྱིམ་ནས་དགོངས་ཚུལ་མི་ལེགས་པ་དང་དགག་བྱ་ཡོང་རྒྱུ་ལས་ལྡོག་སྟེ་ཕ་མ་རང་ངོས་ནས་བུ་ཕྲུག་གི་ཤེས་ཡོན་ཆེད་འགན་འཁུར་བླངས་པར་རྒྱབ་སྐྱོར་དང་བསྔགས་བརྗོད་ཞུས་ཡོད་པ་མ་ཟད། མཐུན་འགྱུར་རོགས་རམ་གང་དགོས་གནང་རྒྱུའི་བརྡ་ལན་འབྱོར། དེ་ལྟ་བུའི་གཏམ་བཟང་དེ་ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་ལགས་དང་དྷ་ས་ཉེ་ཁུལ་གྱི་མང་ཚོགས་ལ་སྐོམ་གདུང་གིས་མནར་བའི་འདབ་ཆགས་ལ་ཆུ་ཧུབ་གཅིག་འཐུང་སྐལ་བྱུང་བ་ལྟ་བུའི་དགའ་ཚོར་ཆེན་པོ་ཤར། ཟླ་བ་ཚེ་རིང་ནས་བུ་བཅོལ་ཁང་དང་སྔོན་འགྲོའི་སློབ་གྲྭ་འཛིན་རིམ་གང་འཁྱོལ་བར་གྱི་འགྲོ་གྲོན་ཐབས་ཤེས་བྱེད་རྒྱུ་དང་སློབ་གྲྭའི་མིང་ལ་གཅེས་འཛིན་ཕ་མའི་སློབ་གྲྭ་ཞེས་འདོགས་རྒྱུའི་འཆར་གཞི་བསྒྲིགས། སློབ་གྲྭ་གསར་རྒྱག་ཆེད་བཙུན་དགོན་དགའ་ལྡན་ཆོས་གླིང་ནས་ས་ཆ་ཧྥི་ཀྲི་གྲུ་བཞི་མ་ ༨༠༨༥ ཉོས་ཤིང་། ས་ཆ་དེ་ད་ལྟའི་ཆར་བཙུན་དགོན་གྱི་གཤམ་འོག་ན་ཡོད་པའི་སིལ་སྤོལ་ཐང་དེ་ཡིན། སྐབས་དེར་༸སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གི་བླ་བྲང་ནས་ཧིན་སྒོར་ལྔ་ཁྲི་ཐམ་པ་བསྐྱེད་མེད་སྔ་གཡར་གནང་བ་མ་ཟད། ཁྱོད་ཚོའི་ཕྲུ་གུ་མང་པོའི་དཀའ་ངལ་སེལ་རྒྱུའི་ལས་གཞི་ལ་བསྔགས་བརྗོད་དང་སྦྲགས་ལམ་ལྷོང་ཡོང་བའི་ཐུགས་སྨོན་གྱི་བཀའ་དྲིན་བསྐྱངས། ༸རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་ནས་གཅེས་འཛིན་ཕ་མའི་སློབ་གྲྭར་ཐུགས་འཁུར་བླ་མེད་གནང་བ་འདི་ཕྱིས་སུ་ཡོངས་གླིང་སློབ་གྲྭ་དངོས་སུ་གསར་འཛུགས་སྐབས་སློབ་གྲྭའི་མིང་དུ་ཡོངས་གླིང་ཞེས་འདོགས་དོན་དང་ཐོག་མའི་འབྲེལ་བ་ཆགས་གཞིར་གྱུར་ཡོད་པ་འཆད་འགྱུར་གྱི་ལེ་ཚན་ནང་གསལ་ཡོད། སློབ་གྲྭའི་ལས་གཞི་འཛུགས་སྐྲུན་ཆེེད་སྦྱིན་བདག་གཙོ་བོ་ཨ་རི་པ་དགེ་རྒན་སྐུ་ཞབས་ཧྥ་རཎ་ཁེ་དང་རེ་ན་(Frank&
Rena) གཉིས་ཀྱིས་བྱེད་རྒྱུ་བྱས་ཤིང་། འཛིན་ཁང་གི་འཆར་འགོད་རྣམས་དབྱིན་ལན་ནས་ཡིན་པའི་ཚེ་འདས་ཊས་ཝེ་ཊེ་(DAVID)ཡིས་བཟོ་འགོད་དང་ལས་གཞི་མགོ་འཛུགས་བྱས། ཟླ་ཤས་ལས་མ་སོང་བའི་རྗེས་ཏེ་ཕྱི་ལོ་ ༡༩༨༣ ཟླ་བ་ ༨ ཚེས་ ༢༣ དང་། ཟླ་བ་ ༡༡ ཚེས་ ༢༤ བཅས་ལ་བོད་གཞུང་ཤེས་རིག་ལྷན་ཁང་ནས་ཚོགས་འདུ་རིམ་ཚོགས་ཀྱིས་ཕྲུ་གུ་རྒན་པ་རྣམས་མེགྷན་བོད་ཁྱིམ་ཉིན་སློབ་ཏུ་ལེན་རྒྱུ་དང་། སློབ་ལོ་མ་སོན་པ་རྣམས་ལ་བུ་བཅོལ་ཁང་མང་པོ་འཛུགས་དགོས་པའི་བཀའ་སློབ་ཕེབས་པ་མ་ཟད་དེ་དག་ལ་མཐུན་འགྱུར་ཡང་གནང་རྒྱུའི་ཞལ་བཞེས་ཐོབ་པར་བརྟེན། ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་དང་མང་ཚོགས་ནས་བཙུགས་པའི་སྒེར་གཉེར་གཅེས་འཛིན་ཕ་མའི་སློབ་གྲྭའི་ལས་གཞི་མགོ་བཙུགས་བྱས་ནས་ཟླ་བ་བཞི་ཡང་མ་ལོན་པར་ལས་གཞི་མཇུག་བསྒྲིལ་དགོས་བྱུང་ཡོད་ལ། གཅེས་འཛིན་ཕ་མའི་སློབ་གྲྭའི་ཆེད་དུ་ཉོས་པའི་བཙུན་དགོན་དགའ་ལྡན་ཆོས་གླིང་གི་ས་ཆ་ཧྥི་ཀྲི་གྲུ་བཞི་མ་ ༨༠༨༥
དང་། ཞལ་འདེབས་དངུལ་ལྷག དེ་བཞིན་ཕྱི་ནང་གི་ཅ་དངོས་ཕྱགས་མ་ཡན་ཆད་བོད་ཁྱིམ་ཉིན་སློབ་ལ་རྩིས་འབུལ་གཙང་མ་ཞུས། གློ་བུར་དུ་བྱུང་བའི་འགྱུར་ལྡོག་དེས་ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་དང་མང་ཚོགས་ཀྱི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་བཟོས་ཀྱང་རང་གཞུང་གི་བཀའ་གསུང་སྤྱི་བོར་དང་ལེན་དང་། རང་གཞུང་གིས་བུ་བཅོལ་ཁང་མང་པོ་རྒྱག་རྒྱུའི་འཆར་གཞི་ཡོད་པ་བཅས་ཀྱིས་དངོས་ཡོད་དཀའ་ངལ་སེལ་ངེས་ཡིན་པ་བཅས་ལ་གཞིགས་ཏེ་གཅེས་འཛིན་ཕ་མའི་སློབ་གྲྭ་འཇིག་རྟེན་དུ་མ་བཙས་གོང་ནས་རྐྱེན་ལམ་དུ་ཤོར།
ཡོངས་གླིང་སློབ་གྲྭ་ཇི་ལྟར་བཙུགས་ཚུལ།
རང་གཞུང་ནས་བུ་བཅོལ་ཁང་མང་པོ་འཛུགས་རྒྱུའི་བརྒྱུད་བསྒྲགས་གནང་ཡང་དོན་དངོས་ཐོག་དུས་སྐབས་དེར་བུ་བཅོལ་ཁང་གཅིག་གི་མཐུན་རྐྱེན་ཡང་སྦྱོར་རྒྱུར་དཀའ་ངལ་འཕྲད་པར་བརྟེན་ཡིད་ཐང་ཆད་རྒྱུ་མེད་པའི་ཟླ་བ་ཚེ་རིང་ལགས་ཀྱིས་རང་ཉིད་ཀྱི་ཐོག་མའི་ལས་གཞི་དེ་དག་ལམ་ལྷོང་བྱུང་མེད་ཀྱང་། དངོས་ཡོད་དཀའ་ངལ་དེ་དག་ད་དུང་ཡང་མང་ཚོགས་མདུན་ན་ལྷག་ཡོད་པར་བརྟེན། ཕྱི་ལོ་ ༡༩༨༤ ཟླ་བ་ ༦ ཚེས་ ༡ ཉིན་བོད་གཞུང་ཟློས་གར་ལམ་ཆེན་ན་ཡོད་པའི་སྐྱིད་གྲོང་ཅོ་ཅོ་ལྷག་པའི་ནང་དུ་ཡོངས་གླིང་སློབ་གྲྭ་དངོས་སུ་བཙུགས། སློབ་གྲྭ་བཙུགས་ནས་ཟླ་བ་དྲུག་ཙམ་གྱི་རྗེས་ས་ཆའི་གནས་བབ་དང་ཕྲུ་གུ་འཕྲོད་བསྟེན་བཅས་ལ་དམིགས་ཏེ། ད་ཡོད་ཡོངས་གླིང་སློབ་གྲྭའི་ས་ཆར་ཤར་པ་བློ་བཟང་གི་ལག་ནས་ས་ཆ་ཀར་ནར་གཅིག་ལ་ཧིན་སྒོར་ ༢༠༠༠༠ སྤྲད་ནས་ཉོས་ཤིང་། དེ་བཞིན་རྒྱ་གར་ས་བདག་ལ་ཧིན་སྒོར་ ༧༥༠༠ སྤྲད་ནས་ཀར་ནལ་གཅིག་ཉོས་ཏེ་སློབ་གྲྭ་རྒྱག་རྒྱུའི་ལས་གཞི་བཏིང་། སློབ་གྲྭའི་ས་རིན་དང་ཨར་ལས་མགོ་འཛུགས་ཆེད་སྐུ་སྒེར་ཡིག་ཚང་ནས་ཧིན་སྒོར་ ༢༠༠༠༠ སྔ་གཡར་ཞུས་ཤིང་། གཞོན་ནུའི་དབུས་རྒྱུན་ནས་ཧིན་སྒོར་ ༡༠༠༠༠། དྷ་ས་མཉམ་ལས་ནས་ཧིན་སྒོར་ ༡༥༠༠༠། ར་ཆུ་བསོད་ནམས་ས་ནས་ཧིན་སྒོར་ ༢༠༠༠༠། སྤུན་མཆེད་སྒྲོལ་མའི་ས་ནས་ཧིན་སྒོར་ ༢༠༠༠༠། སྨན་པ་བློ་བཟང་སྒྲོལ་མ་ནས་སྒོར་ ༡༠༠༠༠། ཤེས་རིག་དཔར་ཁང་ནས་སྒོར་ ༡༠༠༠༠ བཅས་སྔ་གཡར་ཞུས་ཏེ་ལས་གཞི་རོབ་ཙམ་མགོ་འཛུགས་ཐུབ་པ་བྱུང་ཤིང་དེ་དག་ལས་སྨན་པ་བློ་བཟང་གི་སྒོར་ ༡༠༠༠༠ དེ་ཞལ་འདེབས་གནང་བ་ལས། གཞན་རིམ་པས་དངུལ་གཡར་དེ་དག་བསྐྱེད་བབ་དང་བཅས་པ་ཕྱིར་འབུལ་ཞུས་ཏེ་ཡོངས་གླིང་སློབ་གྲྭ་བདེ་བླག་ངང་བོད་མིའི་ཕན་བདེའི་ཆེད་དུ་མདུན་བསྐྱོད་ཐུབ་པ་བྱུང་ཡོད།
ཡོངས་གླིང་སློབ་གྲྭའི་མིང་གི་བྱུང་རིམ།
གོང་གི་ལེ་ཚན་ནང་རོབ་ཙམ་ཞུས་པ་བཞིན་ཡོངས་གླིང་སློབ་གྲྭའི་མིང་ལ་ཡོངས་གླིང་ཞེས་འདོགས་དོན་དེ་ཡོངས་གླིང་སློབ་གྲྭ་མ་བཙུགས་པའི་གོང་དུ་གཅེས་འཛིན་ཕ་མའི་སློབ་གྲྭ་གསར་འཛུགས་སྐབས་༸རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་ནས་ཧིན་སྒོར་ཁྲི་ལྔ་ཐམ་པ་དངུལ་སྐྱེད་མི་དགོས་པར་སྔ་གཡར་གནང་བ་མ་ཟད། གང་གི་ཡོན་བདག་གཅིག་གི་བུ་ཕྲུག་ཀྱང་སློབ་གྲྭར་མ་ཚུད་པར་ལྷག་ཡོད་ལ། ཁྱོད་ཚོའི་ཕྲུ་གུ་མང་མོའི་དཀའ་ངལ་སེལ་རྒྱུའི་ལས་གཞི་དེར་བསྔགས་བརྗོད་དང་ཐུགས་སྨོན་སྐྱབས་འཇུག་སོགས་དམིགས་བསལ་དབུགས་དབྱུང་སྩལ་བ་བཅས་ལས་ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་ལ་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་བཞིན་དུ་གྱུར་ཏེ་སྔར་ལས་ཀྱང་རང་ཉིད་ཀྱི་ཆོད་སེམས་ཇེ་བརྟན་དང་མང་ཚོགས་ལ་ཕན་བདེའི་བྱ་བཞག་བསྐྲུན་རྒྱུའི་བློ་སྟོབས་འཕེལ་གཞིར་གྱུར་པ་མ་ཟད། གླིང་རིན་པོ་ཆེ་མཆོག་ནི་༸རྒྱལ་བའི་ཡོངས་འཛིན་འགྲན་དུ་མེད་པ་ཞིག་ཡིན་པ་དང་། ཁོང་གི་མཚན་གནས་རྗེས་འབྲེལ་བྱུང་ན་དེའི་བྱིན་རླབས་ཀྱིས་སློབ་གྲྭའི་མ་འོངས་མདུན་ལམ་ཡང་ལམ་འགྲོ་ཡོང་བ་སོགས་དགག་བྱ་དགོས་པ་དུ་མར་དམིགས་ཏེ་༸སྐྱབས་རྗེ་གླིང་རིན་པོ་ཆེའི་དྲན་རྟེན་དུ་སློབ་གྲྭ་འདི་༸སྐྱབས་རྗེ་གང་ཉིད་ཀྱི་མཚན་གནས་རྗེས་འབྲེལ་དུ་འཇོག་ཆོག་པའི་སྐྱབས་འཇུག་འབྲེལ་ཡོད་རྣམ་པར་བཀའ་འཁྲོལ་ཞུས་ཤིང་ཞལ་བཞེས་ཐོབ་སྟེ་ཡོངས་གླིང་སློབ་གྲྭ་ཞེས་མིང་དུ་བཏགས། དུས་ནས་དེ་ནས་ད་ལྟའི་བར་མི་ལོ་ ༣༢ ལྷག་གི་ལོ་རྒྱུས་ཀྱི་བྱུང་བ་ལྡན་པའི་སྒེར་གཉེར་སློབ་གྲྭ་འདི་དེ་རིང་ཡང་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་པ་འདི་༸གོང་ས་མཆོག་དང་ཡོངས་འཛིན་རྣམ་གཉིས་ཀྱིས་བྱིན་རླབས་ལས་བྱུང་བ་ཞིག་ཡིན་པ་བརྗོད་ག་ལ་དགོས།
སྲང་ལམ་གྱི་སློང་མོ་པར་གྱུར་པའི་ཕ་བུ།
ཕྱི་ལོ་ ༡༩༨༥ ལོ་ནས་དེ་སྔོན་རྒྱུན་ལས་འགའ་ཞིག་ཡོད་ཀྱང་དེ་དག་རྩ་དགོངས་ཞུས་ཏེ་ཡོངས་གླིང་སློབ་གྲྭའི་བུ་ལོན་སྒྲུབ་འཇལ་གྱིས་གཙོས་ལས་འགན་ཡོངས་རྫོགས་ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་གི་ཕྲག་སྟེང་དུ་བབ། དུས་སྐབས་དེ་དག་གི་ཧིན་སྒོར་བརྒྱ་ནི་ད་ལྟའི་དུས་སྐབས་ཀྱི་སྒོར་ཁྲི་གཅིག་ལས་རིན་ཐང་ཆེ་བ་དང་འཚོལ་སྒྲུབ་དཀའ་བའི་དུས་སྐབས་ཤིག་ཡིན་སྟབས། སློབ་གྲྭའི་ས་ཆ་དང་ལས་གཞིའི་འགྲོ་གྲོན་ཆེད་དུ་བུན་གཡར་ཧིན་སྒོར་འབུམ་གཉིས་ལྷག་ཙམ་ཡོད་པ་དེ་དག་ཡིག་སྐྱེལ་པ་ཞིག་གིས་ཇི་ལྟར་བྱས་ནས་སྒྲུབ་འཇལ་ཐུབ་བམ། གནས་སྟངས་དེ་འདྲ་ཞིག་གི་འོག་ཏུ་གཞན་ཕན་གྱི་ཆེད་དུ་རང་སྡུག་ཉོས་པའི་ཟླ་བ་ཚེ་རིང་གིས། རྒྱ་གར་པ་བུ་ལོན་ལེན་པར་ཡོང་སྐབས་ཐེངས་དུ་མར་ས་གནས་གཞན་དུ་གབ་ཡོད་ལ། སྨན་རྩིས་ཁང་གི་ལས་བྱེད་པདྨ་ཆོས་འཛིན་དང་ཡེ་ཤེས་དབང་མོ་གཉིས་ཀྱིས་ཀྱང་ཟླ་བ་ཚེ་རིང་ལགས་སྦས་སྐུང་ཐེངས་དུ་མར་བྱས་པའི་ཉམས་མྱོང་ཡོད། བུ་ལོན་སྒྲུབ་འཇལ་དཀའ་བའི་མི་ཞིག་ལ་མཚོན་ན་གནས་སྐབས་གཡོལ་ཐབས་བྱེད་རྒྱུ་ནི་ཐབས་ཤེེས་མེད་པའི་ཐབས་ཤེས་ཤིག་རེད། ཕྱི་ལོ་ ༡༩༨༥ ལོར་གནས་མཆོག་རྡོ་རྗེ་གདན་དུ་ཚ་ཚ་འུར་འུར་ངང་དུས་དབང་མགོ་བཙུགས་གནང་ཞིང་། གོ་སྐབས་དེ་ནི་ཟླ་བ་ཚེ་རིང་གི་ངོས་ནས་བརྗོད་ན་གསེར་ཞིག་ལག་པར་རག་པ་ལྟ་བུའི་རིན་ཐང་ཚོར་ཡོད། ཁོང་གིས་གོ་སྐབས་དེ་དམ་བཟུང་གིས་སློབ་གྲྭའི་བུན་གཡར་གསབ་ཆེད་ཉིན་གུང་སྨན་རྩིས་ཁང་དུ་ལས་ཀ་བྱས་ཤིང་། དགོང་དྲོའི་ཆུ་ཚོད་ ༧ པ་ནས་ཆུ་ཚོད་ ༡༡ བར་ཕྲུ་གུ་གཉིས་ཡོད་པ་ལས་གཅིག་མདུན་དང་གཅིག་རྒྱབ་ཏུ་འཁུར་ནས་ཞལ་འདེབས་སློང་མོ་གནང་ཡོད། འདུ་འཛོམས་ཆེ་བའི་མང་ཚོགས་ཀྱིས་གནང་བའི་སྒོར་རྡོག་རིམ་བསགས་ཀྱིས་ཧིན་སྒོར་ཆིག་ཁྲི་དྲུག་སྟོང་ཙམ་བྱུང་ཡོད་ཀྱང་། བུན་ལོན་སྒྲུབ་འཇལ་ཐུབ་རྒྱུའི་རེ་བ་ནི་ད་དུང་ཡང་ས་ཁད་ཀྱིས་ཆོད་པའི་རྨི་ལམ་གྱི་ཡུལ་གྲུ་ཞིག་དང་སྒོ་ཀུན་ནས་མཚུངས།
བུ་ལོན་དང་ཟླ་ཕོགས་ཀྱི་སེམས་ཁྲལ་དུ་ཚུད་པའི་ལོ་ཟླ།
སློབ་གྲྭ་ཞིག་སྒེར་གཉེར་བྱེད་རྒྱུའི་ལས་གཞི་ནི་མུ་མཐའ་བྲལ་བའི་ནགས་གསེབ་སྟུག་པོ་གཅིག་ཏུ་འགྲུལ་བཞུད་བྱེད་པ་དང་ཧ་ཅང་འདྲ་སྟེ་ནམ་ཡང་རྫོགས་རྒྱུ་མེད་པའི་དངངས་འཚབ་ཅིག་གི་ཀློང་དུ་དུས་ཚོད་སྐྱེལ་དགོས་ཀྱི་ཡོད། ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་གིས་སློབ་གྲྭའི་ལས་གཞིའི་རྨང་དངོས་སུ་བཏིང་ཟིན་ཀྱང་། དཔལ་འབྱོར་མ་འདང་བའི་དཀའ་ངལ་འོག་ལོ་ངོ་གསུམ་ཙམ་རིང་འཛིན་ཁང་གི་ཁང་ཐོག་འགེབས་མ་ཐུབ་པར་གྱང་རོ་ལྟ་བུར་ལུས་ཡོད་ཅིང་དུས་སྐབས་དེ་ནི་ཕྱི་ལོ་ ༡༩༨༥ ནས་ ༡༩༨༧ བར་དུ་རེད། ལོ་ངོ་གསུམ་གྱི་རིང་འཛིན་ཁང་གི་ཐོག་མེད་པར་ལུས་ཡོད་པ་དེས་གཅིག་བྱས་ན་དགུན་དུས་སུ་སློབ་ཕྲུག་རྣམས་གྲང་ངར་ཆེན་པོས་མནར་ཡོད་སྲིད་ཀྱང་། སློབ་གྲྭ་མཚམས་འཇོག་བྱེད་རྒྱུར་དེས་འགོག་རྐྱེན་གང་ཡང་བཟོ་མི་སྲིད་པས་དེ་ནི་དུས་སྐབས་དེར་ཟླ་བ་ཚེ་རིང་ལ་མཚོན་ན་དངངས་འཚབ་བྱེད་གཞི་གཙོ་བོ་དེ་མིན། གང་ཡིན་ཟེར་ན་དུས་སྐབས་དེར་ཁོང་གི་སེམས་ཁྲལ་ཆེ་ཤོས་ནི་ལས་བྱེད་ལ་ཟླ་ཕོགས་མ་སྤྲད་ཚེ་ཟླ་བ་གཅིག་གཉིས་ཤིག་ལྷག་བསམ་ཁོ་ནས་ཁུངས་འཁྱོལ་ཀྱང་མཐའ་མཇུག་སློབ་མཚམས་འཇོག་རྒྱུ་ལས་འོས་མེད་སྟབས་དེ་ནི་དུས་སྐབས་དེར་ཁོང་གིས་ངེས་པར་དུ་གདོང་ལེན་དང་སེམས་ཁྲལ་བྱེད་གཞི་གཙོ་བོར་གྱུར་ཡོད། འོན་ཀྱང་གང་ན་ལྷག་བསམ་ཡོད་ས་དེར་དཀའ་ངལ་ལ་གདོང་ལེན་ཕོད་པའི་སྙིང་སྟོབས་དེ་ཡོད་སྟབས་ཁོང་གིས་རེས་གཟའ་སྤེན་པ་ནམ་ཡིན་ལ་མཚན་ཚོགས་གཞན་སྣ་འཁྲབ་སྟོན་སོགས་གོ་སྒྲིག་ཞུས་པ་མ་ཟད། སྒེར་པ་ཨ་མདོ་བཀྲ་ཤིས་དང་མཉམ་འབྲེལ་གྱིས་མང་ཚོགས་ལ་གློག་བརྙན་བསྟན་པ་སོགས་བྱས་ཏེ་ལས་བྱེད་ལ་ཟླ་ཕོགས་སྤྲོད་མ་ཐུབ་པའི་སེམས་ངལ་དེ་རེ་ཞིག་ཟུག་འཇགས་གསོལ་སྨན་མཆོད་པ་བཞིན་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཡོད།
ཟ་ཁང་ཞིག་གི་གླེང་མོལ་ལས་རླུངས་རྟ་དར་མགོ་ཚུགས་པ།
དུས་སྐབས་དེ་ནི་ཕྱི་ལོ་ ༡༩༨༧ ལོའི་ཟླ་བ་ ༡༠ ཚེས་ ༢༧ ཉིན་ཡིན་ཅིང་ཡུན་རིང་སེམས་ངལ་གྱིས་མནར་བའི་རྒྱལ་གཅེས་པ་ཟླ་བ་ཚེ་རིང་ལ་མཚོན་ན་མདོངས་མཐའ་མས་འབྲུག་སྒྲ་ལྷང་ལྷང་དུ་ཐོས་པ་ལྟ་བུའི་དགའ་བ་འབུམ་གྱིས་བརྟས་པའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་ལ། སློབ་གྲྭ་དབུ་བརྙེས་པའི་དུས་ཆེན་དེའང་ཟླ་བ་ ༡༠ ཚེས་ ༢༧
ལ་སྲུང་བརྩི་ཞུ་དོན་དེ་ཉིན་དེར་སེམས་ངལ་ཆེན་པོ་ཞིག་ལས་གྲོལ་ཐུབ་པ་བྱུང་བས་ལོས་ཡིན། སྐབས་དེར་དྷ་ས་ཉེ་ཁུལ་ན་ཅུང་གྲགས་ཆེ་བའི་ཟ་ཁང་ཞིག་ཡོད་པ་ནི་སྟོད་པའི་ཟ་ཁང་ཡིན་ཅིང་། ཟ་ཁང་དེར་དྷ་སར་གཏན་བཞུགས་གནང་མཁན་ཕྱི་རྒྱལ་པ་སྐུ་ཞབས་ཇོའས་སི་མར་ཊོག་(JouceMurduch)ཡང་ཡང་ཕེབས་ཀྱི་ཡོད་པས། ཉིན་ཞིག་ཟ་ཁང་སྦྱིན་བདག་ཨ་ཅག་བསམ་གཏན་ལགས་དང་བོད་པའི་སྤྱི་ཚོགས་ཀྱི་དཀའ་ངལ་ཆུང་ཙག་སྐོར་ལ་གླེང་མོལ་བྱུང་ཞིང་། སྐབས་དེར་ཨ་ཅག་བསམ་གཏན་ལགས་ཀྱིས་ཡོངས་གླིང་སློབ་གྲྭའི་འཆར་གཞི་དང་དཀའ་ངལ་སོགས་ལས་འཕྲོས་ཏེ་གླེང་མོལ་གནང་སྟབས། ཕྱི་རྒྱལ་པ་དེས་སློབ་གྲྭའི་དམིགས་ཡུལ་སོགས་ཡག་པོ་མཐོང་སྟེ། དངོས་སུ་སློབ་གྲྭར་ཕེབས་ནས་སློབ་གྲྭའི་སྐོར་གྱི་གནས་སྟངས་ལ་འདྲི་རྩད་བྱེད་འགོ་བཙུགས། ཕྱི་རྒྱལ་པ་ཇོའས་སི་མར་ཊོག་གིས་སློབ་གྲྭའི་དཀའ་ངལ་ལ་རྒྱུས་ལོན་བྱས་མཐར་སཝིཊན་རོགས་ཚོགས་ལ་སློབ་ཁང་གསར་རྒྱག་དང་། དབྱིན་ལན་བྱིས་པའི་རོགས་ཚོགས་ལ་སློབ་མའི་ཉིན་གུང་གསོལ་ཚིགས་རོགས་རམ་ཡོང་བའི་རེ་འདུན་ཞུས། ཕྱོགས་གཉིས་ཀས་དགའ་བཞིན་དུ་དང་ལེན་བགྱིས་ཏེ་ཉེ་ཁུལ་ནས་རོགས་རམ་གནང་མཁན་མེད་པའི་ཟླ་བ་ཚེ་རིང་ལགས་དང་ཁོང་གི་སློབ་གྲྭའི་བྱིས་པ་རྣམས་རེ་ཞིག་གྲང་ངར་གྱིས་གཙེས་པའི་དགུན་དུས་ཡོལ་ཏེ་སྔོ་ལྗང་ལྡན་པའི་དཔྱིད་དུས་ཀྱི་མཛེས་ལྗོངས་ཤིག་ལ་སླེབས་པ་ལྟ་བུའི་དགའ་ཚོར་ཆེན་པོ་བྱུང་ལ། ཕྲུ་གུའི་ཕ་མ་ཚོ་ལ་མཚོན་ནས་བཤད་ཀྱང་དེ་ནི་ཧ་ཅང་དགའ་འོས་པའི་གཏམ་བཟང་ཞིག་ཅི་ལ་མིན།
ཕ་མ་ལས་སློབ་གྲྭའི་བྱམས་སྐྱོང་བཟང་བ།
སྟོད་པའི་ཟ་ཁང་གི་སྦྱིན་བདག་ཨ་ཅག་བསམ་གཏན་ལགས་ཀྱི་བཀའ་དྲིན་ལས་ཟ་ཁང་ལས་རླུངས་རྟ་དར་མགོ་ཚུགས་ཀྱང་གཞན་ཕན་ལྷག་བསམ་དཀར་བའི་ཟླ་བ་ཚེ་རིང་ལགས་ཀྱིས་ཐུགས་ལྷོད་ལྷོད་བྱས་ནས་བཞུགས་རྒྱུའི་ཚབ་ཏུ་དྷ་སའི་ཕ་མ་རྣམས་ཟླ་བ་གསུམ་གྱི་རིང་དགུན་ཚོང་ཆེད་ས་གནས་གཞན་ལ་ཕྱོགས་བསྐྱོད་བྱེད་ཀྱི་ཡོད་ཅིང་། དུས་སྐབས་དེའི་རིང་བུ་ཕྲུག་རྣམས་བཅོལ་འཇོག་བྱེད་ཡུལ་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། དཀའ་ངལ་དེ་ལས་གྲོལ་ཆེད་ཁོང་གིས་ཕྲུ་གུ་བདག་ཉར་བྱེད་རྒྱུའི་ལས་གཞི་མགོ་འཛུགས་བྱས་ཤིང་དུས་སྐབས་དེ་ནི་ཕྱི་ལོ་ ༡༩༨༩ ལོར་ཡིན།
སྐབས་དེར་ཁོང་གི་ལྷག་བསམ་ཁོ་ནས་རྒྱབ་འཁྱོགས་ཏེ་ཕྲུ་གུ་བཅོལ་འཇོག་ཐུབ་པ་བྱུང་རུང་དོན་དངོས་ཐོག་སློབ་གྲྭར་འཛིན་ཁང་དང་ཉལ་ཁང་འདང་ངེས་ཤིག་མེད། དེའི་སྟབས་ཀྱིས་ཕྱི་ལོ་ ༡༩༩༩ ལོའི་བར་འཛིན་ཁང་དང་ཉལ་ཁང་གཅིག་ལྕོགས་བྱས་ནས་ལོ་ཟླ་བསྐྱལ་ཡོད། ཁོང་གིས་སྣེ་འཁྲིད་འོག་གཤམ་འོག་ལས་བྱེད་ཚོས་ཀྱང་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུས་ཏེ་རེས་གཟའ་ཉི་མར་ཡང་གུང་གསེང་ཐོབ་རྩོད་སོགས་གང་ཡང་མེད་པར་ཕྲུ་གུར་ལྟ་སྐྱོང་གང་ལེགས་བྱས་འབྲས་སུ་མང་ཚོགས་ནང་ཕ་མ་ཁག་ཅིག་ལས་སློབ་གྲྭས་ཕྲུ་གུར་ལྟ་སྐྱོང་བཟང་བའི་ལབ་གླེང་ཡང་བྱུང་ཡོད། དུས་སྐབས་དེ་དག་ནི་ས་མཚམས་ཁུལ་དུ་ཅུང་གུ་ཡངས་ཀྱི་རྣམ་པ་ཡོད་པའི་དུས་སྐབས་ཤིག་ལ་འཁེལ་ཡོད་སྟབས་བོད་ནས་ཕེབས་མཁན་གྱི་གྲངས་འབོར་དེའང་ལོ་རེར་འཕར་བཞིན་ཡོད་ལ། དྷ་ས་ཁུལ་དུ་གནས་སྡོད་བྱེད་མཁན་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། བོད་ནས་འབྱོར་བའི་གསར་འབྱོར་པ་མང་པོར་དམིགས་བསལ་བུ་ཕྲུག་དམར་སྦྱར་འཇོག་ས་མེད་པའི་དཀའ་ངལ་འོག་ཡོངས་གླིང་སློབ་གྲྭའི་དབུ་འཛིན་ཟླ་བ་ཚེ་རིང་ལགས་ཀྱི་ཐུགས་ཀྱིས་མ་བཟོད་པར་ཕྱི་ལོ་ ༢༠༠༠ ལོ་ནས་ཡང་བསྐྱར་ཕྲུ་གུ་ལོ་གཅིག་དང་ཕྱེད་ཀ་ཡན་ནས་བདག་ཉར་བྱེད་མགོ་བཙུགས། འཚོ་བའི་དཀའ་ངལ་ཡོད་པའི་ཕ་མ་ཞིག་ལ་མཚོན་ན་དེ་ལྟ་བུའི་གཞན་ཕན་གྱི་བྱ་བ་ནི་ཅི་འདྲའི་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དང་། དགོས་མཁོ་ཤིན་ཏུ་ཆེ་བའི་ལས་གཞི་ཞིག་ལ་ངོས་འཛིན་མི་བྱེད་པ་ག་ལ་སྲིད།
བྱས་པ་རྗེས་མེད་དུ་སོང་མེད་པ།
ལོ་ངོ་དེ་དག་གིས་རིང་ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་ལགས་ལ་དཀའ་ངལ་ཆུ་གཉེར་བཞིན་དུ་འཕྲད་ཀྱང་གཞན་ཕན་འཁུར་བསྐྱེད་བསམ་པས་ཡིད་མ་ཞུམ་པར་དཀའ་ངལ་ལ་གདོང་ལེན་དང་འབད་བརྩོན་གནང་འབྲས་སུ་དྷ་ས་ཁུལ་གྱི་ཁྱིམ་ཚང་སྟོང་ཕྲག་བརྒལ་བའི་ཕ་མ་དང་ཕྲུ་གུ་གཉིས་ཀར་ཕན་ཐོགས་བླ་ན་མེད་པ་བྱུང་ཡོད་ལ། དེས་བོད་མི་རིགས་ལ་ཡང་ཤུགས་ཀྱིས་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་པ་ནི་ཕྱོགས་རིས་ཀྱིས་མིག་མ་བསླད་ཅིང་གཟུར་གནས་པ་ཀུན་ལ་བརྒྱ་ཁ་གཅིག་གྲགས་རེད། དེ་ཡང་སྒེར་གཉེར་སློབ་གྲྭ་ཞིག་གསར་འཛུགས་དང་སློབ་འཇུག་བྱེད་ཐུབ་པ་ཙམ་མིན་པར་ཚད་དང་ལྡན་པའི་འཛིན་སྐྱོང་ཚགས་ཚུད་གནང་ཡོད་ཅིང་། དེའི་དཔེ་མཚོན་ཞིག་ཞུས་ན་ཕྱི་ལོ་ ༢༠༠༧ ལོར་སློབ་ཕྲུག་ ༢༨༥ ཙམ་གྱི་ཕ་མས་སློབ་གྲྭའི་འཛིན་སྐྱོང་དང་། འཛིན་གྲྭ་འཚོགས་དུས། སློབ་ཚན་གྱི་རྣམ་གྲངས། སློབ་ཚན་སྤྲོད་ཕྱོགས། དགེ་ལས་ཐུན་མོང་གིས་ཕྲུ་གུར་ལྟ་སྐྱོང་བྱེད་སྟངས་སོགས་མདོར་ན་ཕྲུ་གུའི་ལུས་སེམས་འཚར་ལོངས་དང་སློབ་སྦྱོང་ཡར་རྒྱས་འགྲོ་ཐབས་སོགས་ཀྱི་ལས་གཞི་འགྲོ་བཞིན་པ་དག་ལ་འགྲིག་མིན་བསམ་འཆར་བསྡུ་རུབ་བྱས་ཤིང་སྐབས་དེར་བརྒྱ་ཆ་ ༩༠ ཐམ་པས་འགྲིགས་ཡོད་པར་ངོས་འཛིན་ཐོབ་ཡོད། གནད་དོན་དེས་སློབ་གྲྭའི་འཛིན་སྐྱོང་དེ་ཧ་ཅང་ཚགས་ཚུད་ཡིན་པ་མ་ཟད་བྱས་པ་རྗེས་མེད་དུ་སོང་མེད་པའི་བདེན་དཔང་ཡང་བྱས་ཡོད་པས་ལོ་ངོ་དུ་མའི་རིང་དཀའ་སྡུག་གིས་ངལ་བས་ཟད་པའི་ཟླ་བ་ཚེ་རིང་ལགས་དང་འབྲེལ་ཡོད་ལས་བྱེད་རྣམས་ལ་མཚོན་ན་དེ་ནི་ལུས་སེམས་ལ་ངལ་གསོ་སྦྱིན་བྱེད་ཀྱི་སྨན་མཆོག་གཅིག་ཅི་ལ་མིན།
ཡོངས་གླིང་སློབ་གྲྭ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བུ་བཅོལ་ཁང་དང་སྔོན་འགྲོའི་སློབ་གྲྭ་ཆ་རྐྱེན་བཟང་ཤོས་ཀྱི་སྒེར་བཙུགས་སློབ་གྲྭ་ཞིག་ཆགས་ཡོད་ལ་སློབ་གྲྭ་དེས་ད་བར་གསོ་སྐྱོང་གནང་བའི་སློབ་མའི་གྲངས་འབོར་དེ་སྟོང་ཕྲག་གསུམ་ལྷག་ལ་བརྒལ་གྱི་ཡོད། དེས་ན་གོང་གསལ་གྱི་གནད་དོན་དེ་དག་ལས་དྲི་བ་ཞིག་ངང་གིས་འཁོར་འོང་བ་ནི། ཆུང་སྦར་ར་གང་ནས་ཆེན་པོ་ཆགས་ཆགས་བར་དུ་གསོས་པའི་སློབ་གྲྭ་འདི་ད་ལྟ་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ནང་གསལ་བ་བཞིན‘’
རང་རང་འཁུར་བགྱིད་མེད་པའི་སྨྲ་བ་མང་བ་”ཅན་ཞེས་གསུངས་པ་ལྟར་གཞན་དོན་རྟ་རྔ་ཙམ་ཡང་བསྒྲུབས་པའི་བྱས་རྗེས་མེད་པར་སྨྲ་བ་མང་བའི་སྐྱེ་བོ་འགའ་རེས་སྒེར་ནད་སྤྱི་སྤུངས་ཀྱིས་སྤྱི་རྒྱུ་སྒེར་བཟས་བྱས་ཚུལ་བརྗོད་ཚེ་ཀློག་པ་པོ་ཁྱེད་རང་བཀུར་འོས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཡིན་ཚེ། འདི་ལ་ཁྱེད་རང་གིས་ལན་འདེབས་ཅི་ཞིག་བྱ་ངེས་སམ།
ཡོངས་གླིང་སློ་གྲྭ་བསྐོར་གྲོས་ཚོགས་སུ་གླེང་སློང་བྱས་ཡོད་པ་བརྙན་འཕྲིན་མཐོང་རྒྱུ་འདུག
འོན་ཀྱང་གྲོས་ཚོགས་རྭ་བ་ནང་སྤྱི་འཐུས་རེ་ཟུར་གླེང་སློང་བྱས་པས་མ་གཏོགས་གཞན་རྒྱབ་སྐྱོར་མི་འདུག་ལ་དགག་རྒྱག་མི་འདུག
ཡིན་ན་ཡིན་དང་མིན་ན་མིན་ཟེར་དགོས་ཀྱི་ཡོད་པ།ཚོགས་ཆུང་བཙུགས་དགོས་ན་འདྲ་གང་ལྟར་གཙང་མ་བཟོས་ན་ཡག་པོ་མི་འདུག་གམ།ཟླ་བ་ཚེ་རིང་ཡིན་ཡང་སྤྱི་ཚོགས་ནང་བྱས་རྗེས་ཡོད་པར་བརྟེན་ནས་མི་དམངས་རྣམས་ཀྱི་དེ་སྔར་བདེ་དོན་འདེམས་པ་མ་ཟད་དེ་རྗེས་ལ་སྤྱི་ནོར་༸སྐྱབས་མགོན་ཆེན་པོ་མཆོག་གི་སྤྱི་འཐུས་ཐད་བསྐོར་གནང་ཡོད་སྐད།
ངས་ཚིག་ཁ་ཤས་ཞུས་འདོད་བྱུང་སོང།སྔོན་མ་ཟླ་བ་ཚེ་རིང་ལ་བྱས་རྗེས་ཡོག་རེད།མི་དམངས་ཀྱི་རྒྱབ་སྐྱོར་བྱས་ནས་ས་གནས་བདེ་དོན་ལ་བསྐོས་པ་རེད།དེ་དེ་བཞིན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐད་ཀ་སྤྱི་འཐུས་ཀྱི་གོ་ས་གནང་བ་རེད།དེ་ཚོ་བྱས་རྗེས་ཡོད་པ་གཞིར་ལ་བཞག་འགན་དབང་སྤྲད་པ་རེད།ཡིན་ན་ཡོངས་གླིང་སློབ་གྲྭ་ས་ཁང་དེ་གཞུང་ལ་དབང་གི་ཡོད་ན་སྒེར་ལ་དབང་གི་ཡོད་པ་དོན་དག་དེ་རེད།
དཔེ་ཆ་བཞག་ན་གྲོས་ཚོགས་ནང་གླེང་སློང་བྱུང་བ་བརྙན་འཕྲིན་ནང་མཐོང་རྒྱུ་འདུག
ཧང་སང་ཡ་ལ་གྲོས་ཚོགས་སུ་མི་འགའ་གླེང་སློང་བྱེད་པ་ཙམ་ལས་སྤྱི་འཐུས་གཞན་གྱི་རྒྱབ་སྐྱོར་མི་འདུག
ཡང་ན་ས་ཆའི་བདག་དབང་ཟླ་བ་ཚེ་རིང་ལ་ཡོག་རེད་ལབ་དགོས་ཀྱི་ཡོག་རེད།མང་ཆེ་བ་སྤྱི་འཐུས་ཀྱི་ཞབས་སྟེགས་ཐོག་ཞུགས་ནས་བསྡོད་པ་མ་གཏོགས་ཡ་བྱས་ཀྱི་མི་འདུག
རྒྱུ་མཚན་གང་རེད།དངོས་གནས་ཡ་མཚན་རེད་བཞག
མི་འབོར་ཉུང་བའི་བཙན་བྱོལ་སྤྱི་ཚོགས་འདི། །
མི་ངན་འགའ་རེས་ད་བར་དཀྲུགས་མོད་ཀྱང་། །
མི་མང་མགོན་སྐྱབས་སྤྱི་འཐུས་ཟླ་ཚེ་མཆོག །
མི་རིགས་འདི་ལ་ཕན་ཐོགས་ཆེ་ཤོས་ཡིན། །
སྤྱི་འཐུས་ལས་ཐོག་སྐུ་ཞབས་ཟླ་བ་ཚེ་རིང་ལགས་ལྟ་བུའི་མི་ལྷག་བསམ་དང་བྱས་རྗེས་ཅན་ལ་བསྔགས་བརྗོད་དང་དགའ་བསུ་ཡོད།
བོད་པའི་སྤྱི་ཚོགས་ནང་མི་མང་གི་བདེ་སྡུག་ལ་དངོས་སུ་ཕན་ཐོགས་བྱེད་མཁན་གྱིས་ཟླ་ཚེ་ལ་ང་ཚོ་ཚང་མས་རྒྱབ་སྐྱོར་དང་བསྔགས་བརྗོད་བྱེད་རྒྱུ་ནི་བོད་མི་རིགས་ལ་གདུང་བའི་མི་ཞིག་ཡིན་ཚེ་ངེས་པར་དུ་བྱེད་འོས་པའི་འོས་རྒན་ཡིན།
ཡོངས་གླིང་སློབ་གྲཱའི་སྐོར་ལ་རྒྱས་བསྡུས་རན་པ་ཞིག་བྲིས་གནང་འདུག ཡིན་ཡང་། རྩོད་རྙོག་བྱུང་སྟངས་སྐོར་ལ་ཧ་ལམ་ཚིག་གཅིག་ཀྱང་བྲིས་མི་འདུག གང་ལྟར། མང་ཚོགས་ལ་རྩོད་རྙོག་བྱུང་སྟངས་ཀྱང་རྒྱུས་བསྡུས་རན་པ་ཞིག་བྲི་ཐུབ་ན་ཡག་པོ་འདུག
སྤུན་ཟླ་ཚོ། གོང་དུ་ཟླ་བ་ཚེ་རིང་གི་ལོ་རྒྱུས་འགོ་ནས་བྱུང་བ་བརྗོད་པ་ཁོ་རང་ཉིད་ལ་དངོས་བྱུང་་བཀའ་འདྲི་ཞུས་ནས་བྲིས་པ་མིན་ནམ་སྙམས་པའིཚོར་སྣང་ཞིག་བྱུང་ཀྱང་མཐའ་བསྡུ་སྐབས། གནས་ཆུང་བཀའ་ལུང་དངོས་ཡོད་དང་དྲང་བདེན་ལས་འགལ་ནས་ཕྱོགས་ཞེན་གྱི་དྲི་མ་ཐུ་ལེ་དངོས་དོན་དང་འགལ་བའི་ལུང་དྲངས་པ་དང་། མཆན་འགོད་པ་ཁག་ནས་ཀྱང་ཕྱོགས་ཞེན་གྱིས་ཕྱོགས་གཅིག་རང་གི་གནས་ཚུལ་ལས་མ་ཤེས་བཞིན་ངུ་བསྟོད་བསྔགས་གནང་འདུག ཚང་མཁྱེན་དགོས་པ་ཞིག་ལ་ཟླ་བ་ཚེ་རིང་དང་ཡང་གླིང་སློབ་གྲའི་སྐོར་བཙན་བྱོལ་བོད་མིའི་ཆེ་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ལུགས་ལྟར་ཐག་བཅོད་གནང་བ་ཞིག་ལས་གཞན་གང་ཡང་མ་རེད། འབེན་བྱང་ལ་བཞག་མདའ་ནུབ་ལ་འཕེན། ཧཧཧ།
འཇུ་ཆེན་དཀོན་མཆོག་ཟེར་བའི་མཛེས་མ་དེ་དང་ཁྱོད་རང་གཉིས་མཉམ་འབྲེལ་བྱས་ན། ད་ལྟའི་དུས་སྐབས་འདིར་སྤྱི་འཐུས་ཟླ་བ་ཚེ་རིང་གིས་བོད་མི་མང་པོ་ཞིག་ལ་གནང་པའི་བཞིན་གླ་ཕོག་ལྟ་བུ་ཞིག་འཇུ་ཆེན་ཚང་གི་མཛེས་མ་ཁྱོད་རང་གཉིས་ཀས་གནང་ཐུབ་ས་ཨེ་རེད། དེ་མ་ཐུབ་ན་མཆུ་ཏོ་བཙུམ་ནས་སྡོད་དང་ཡག་ཤོས་རེད།
ཀུན་ལས་འཕགས་པའི་སྤྱི་དོན་བྱས་རྗེས་ཅན། །
ཀུན་ལ་བྱམས་ལྡན་བཀུར་འོས་སྤྱི་འཐུས་མཆོག །
ཀུན་གྱིས་བསྟོད་འོས་ཟླ་བ་ཚེ་རིང་ལ། །
ཀུན་ནས་བསྟོད་དོ་ཁོང་འདྲའི་བོད་མི་དཀོན། །
བྱས་རྗེས་གང་ཡང་མེད་པའི་མི་ངན་འགས། །
ངན་སྨད་རྫུན་གཏམ་ཁྱི་སྐད་སྟོང་བསྒྲགས་ཀྱང་། །
དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གི །
ཡོན་ཏན་ཉི་ཟླའི་འོད་ལྟར་ཇེ་གསལ་ཡིན། །
༸གོང་ས་༸རྒྱལ་བའི་བཀའ་དགོངས་ཚུལ་བཞིན་བསྒྲུབས། །
སྐུ་ཚེ་གང་ལ་གངས་ཅན་སྤྱི་དོན་བསྒྲུབས། །
ཉམ་ཆུང་གསར་འབྱོར་མང་པོའི་མགོན་སྐྱབས་མཛད། །
མ་འོངས་སོན་རྩ་བུ་ཕྲུག་གྲངས་མེད་བསྐྱངས། །
རང་ལ་བྱས་རྗེས་གང་ཡང་མེད་བཞིན་དུ། །
བྱས་རྗེས་ཅན་ཚོ་འབུར་འཇོམས་མ་བྱེད་ཅིག །
རང་ཉིད་འཇོན་ཐང་སྣེ་གཅིག་མི་ལྡན་པར། །
སྤྱི་དོན་འཇོན་ཐང་ཅན་ལ་མ་སྨད་ཅིག །
རླབས་ཆེན་སྤྱི་འཐུས་ཟླ་བ་ཚེ་རིང་ལ། །
ངན་སྨད་ནུས་པའི་ཡོན་ཏན་ཅི་ཞིག་ཡོད། །
ཤེས་འཇོན་ལྷག་བསམ་ཅན་གྱི་ཟླ་ཚེ་ལ། །
མ་ཉེས་ཞྭ་ནག་གཡོགས་དོན་ཅི་ཡིན་ནམ། །
སྤྱིར་ན་དེང་སང་བོད་ཀྱི་སྤྱི་ཚོགས་ནང་། །
དོལ་ཚོགས་དང་ནི་རྒྱ་མིའི་ཕོག་ཟན་སོགས། །
ཁ་བ་ཅན་གྱི་ཞབས་འདྲེན་རེ་ཟུང་གིས། །
དགྲ་བོའི་དམིགས་ཡུལ་བསྒྲུབས་པ་ཉུང་ཉུང་མིན། །
རང་རེའི་སྤྱི་ཚོགས་སུ་མི་མང་བདེ་སྡུག་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྒྲུབ་མཁན་ཁོང་ལྟ་བུ་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། བོད་མིའི་སྒྲིག་འཛུག་གི་ཁུར་བོ་ཡང་དུ་བརང་བ་རེད་ལ་བྱེ་བྲག་མི་མང་གི་དཀའ་ངལ་ཡང་སེལ་བ་རེད། འོན་ཀྱང་ཕྲག་དོག་ཅན་རེ་ཟུང་གིས་སོ་སོའི་ངོས་ནས་གཞན་ཕན་ཏིལ་འབྲུ་ཙམ་མེད་པར་གནམ་སྟོང་ལ་འབྲུག་སྒྲ་གྲགས་པ་དེ་ཡག་པོ་མ་རེད། མཛུབ་མོ་རང་ལ་འཁོར་ནས་བསམ་བློ་གཏོང་རོགས།
ཟླ་བ་ཚེ་རིང་གིས་སྔ་ཕྱི་བར་གསུམ་དུ་སྤྱི་ཚོགས་ཀྱི་ལས་དོན་ཆེ་ཕྲ་ཆུང་གསུམ་ཚང་མར་རང་དོན་རྒྱབ་བསྐྱུར་གྱིས། ཞབས་འདེབས་ཞུས་པ་རྣམས་ནི། གྲོས་ཚོགས་ནང་ཁྱི་སྤྱང་ངུ་བ་ལྟ་བུའི་སྐད་ངན་ལུང་པ་གང་རྒྱག་མཁན། འབྱུང་རྒྱལ་བ་དང་། སྤྱི་བརྟོལ་བ་དག་གིས་བསྒྲུབ་རྒྱུ་ཕར་བཞག ཡིད་ལའང་མི་འཁོར་བ་རྐྱང་རྐྱང་རེད། ཁོ་ཚོ་ནི་རང་ཉིད་ཀྱིས་གང་ཡང་མི་འཇོན་ཞིང་། གཞན་འཇོན་མཁན་དང་ལས་མཁན་རྣམས་ལ་ཕྲག་དོག་གིས་མི་ཚ་ཞིང་། ཞེན་ཁོག་གིས་སྙིང་ན་མཁན་ཏག་ཏག་ལས། སྤྱི་དོན་ལ་དོ་འཁུར་བྱེད་མཁན་གྱི་གང་ཟག་ཅིག་མིན་པ་ནི་ཁོ་ཚོས་བཤད་ཅིང་བྱས་པའི་གཏམ་སྤྱོད་དག་ལས་རྟོགས་ནུས་ཤིག་རེད། ཟླ་བ་ཚེ་རིང་རྒྱལ་གྱུར་ཅིག།
རྩིབས་རི་རྒོད་ཕྲུག་ལགས། ཧ་ལས་པའི་ཡག་པོ་བྲིས་འདུག སྙིང་ཐག་པ་ནས་དགའ་བསུ་ཞུ། ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་མཁན་ཞིག་ལ་འདི་འདྲའི་རྒྱབ་སྐྱོར་གྱི་རྩོམ་ཡིག་ཅིག་བྲིས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ད་ལོ་ཡོངས་གླིང་སློབ་གྲྭའི་སྐོར་ལ་མདོ་སྟོད་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་སོགས་གཅིག་འཕྲོར་གཅིག་མཐུད་ནས་ངར་དོན་ཁམས་ཀྱི་ཞེན་ཁོག་དང་ན་ཚའི་དབང་གིས་རེད་ལ། ཟླ་བ་ཚེ་རིང་གིས་དབུ་ཁྲིད་པའི་དབུས་གཙང་མི་མང་གིས་བློ་སེང་ལ་རྒྱབ་སྐྱོར་མ་བྱས་སྟབས་རེད། ཡིན་ནའང་མདོ་སྟོད་ཀྱི་ངྷ་སའི་ལས་མེད་དག་དང་ངྷ་སའི་བྱིས་པ་ཚོའི་ངོས་ནས་བཤད་ན། ཟླ་བ་ཚེ་རིང་དང་འཇུ་ཆེན་དཀོན་མཆོག་གཉིས་ལས་གནམ་ས་བློ་འོག་བརྗེ་བ་ལྟར་ཟླ་བ་ཚེ་རིང་བཀའ་དྲིན་ཆེན་པོ་ཡིན་ནའང་། ཡ་ཆུང་ན་ཞེན་ཁོག་མ་གཏོགས་ལྷག་མེད་པའི་མདོ་སྟོད་པ་ཚོས་དེ་ཙམ་ཡང་འོས་ཟིན་ཡི་མེད།
གྲོགས་པོལགས །ཁྱོད་ཀྱིས་གསལ་པོ་ཤེས་མི་འདུག །དབུས་གཙང་མི་མང་གིས་བློ་སེང་ལ་རྒྱབ་སྐྱོར་མེད་ན་འོས་བསྡུ་རྒྱལ་ཁ་རྩ་ནས་ཐུབ་མི་སྲིད །དེ་ནི་བཙན་བྱོལ་ནང་དུ་དབུས་གཙང་པ་མང་ཤོས་ཡིན་པས་སོ
དེང་གི་ཉོག་གླེང་དེའི་འབྱུང་རྩ་ཞོར་ལ་བྲིས་ན་ཡག་པོ་མཐོང་སོང་།
གུས་པར་ཟླ་བ་ཚེ་རིང་ལགས་ནི་རྒྱུད་མངའ་དེ་ཙམ་་མེད་ཀྱང་ཁོང་གི་ བྱས་རྗེས་ནི་རྡ་སར་ཡོད་པའི་བོད་མང་དག་ཞིག་དང་ ལྷག་པར་བོད་ནས་ཡོང་བའི་བོད་མི་མང་དག་ཞིག་ལ་ཕྱོགས་ཁའི་འཐེན་ཁྱེར་མེད་པར་ལས་མེད་དག་ལས་དཀའི་གོ་སྐབས་དང་ ད་དུང་ བོད་མི་འཚོ་བའི་དཀའ་ངལ་ཡོད་ཁན་རྣམས་ཀྱི་འཕྲུ་གུར་སློབ་ཡོན་གྱ་ི་རོགས་རམ་མང་དག་གནང་གི་ཡོད་པ་ དངོས་གསུམ་དུ་གསུང་གི་དུག་ན་ བོད་མི་རྣམས་ཀྱི་ཁོང་ལྟ་བུའི་བྱས་རྗེས་ཞག་མ་ཐུབ་ནའང་ གང་བྱུང་དུ་ བྱས་པ་ཅན་ལ་ངེད་མེད་ཀྱི་སྐྱོན་འཛུགས་གང་བྱུང་བྱས་ན་ག་ལ་འགྲིགས་ སྐྱོན་འཛུགས་བྱེད་ཁན་ནང་ རྡ་སར་ཡོད་པའི་སྤྱི་མཐུས་ག་ཞིག་ཡོད་པ་ནས་ ང་རང་སྤུན་སྤྱི་མཐུས་ཞིག་ཀྱང་ཡོད་ འདི་རྣམས་ནི་ རང་ཉིད་སྤྱི་གང་མི་འཇོན་པར་ ཞན་གྱི་ངན་སྐུལ་ཕ་ཡུལ་ཅིག་པར་སྐྲོག་ལྟམ་ཁོ་ན་ལ་ཤད་སྡད་ཁན་ཤ་ལྟག་ཡིན་ བོད་མི་རྣམས་ཀྱི་ ངེད་པར་དུ་ཡིད་ཟབ་གནང་རོགས་
སྐུ་ངོ་མཆོག་གི་ལྷག་བསམ་ལ་རྗེས་སུ་ཡིད་རིང་ཡད།
ཆུང་དུས་བདག་མེད་བུ་ཕྲུག་མང་པོ་ཞིག་བོད་ཕྲུག་ཁྱིམ་སྡེའི་བལྟ་སྐྱོང་གནང་རྗེས་ཆེན་པོ་ཆགས་དུས་སྔར་གོ་མྱོངས་མེད་པའི་ཨ་ཁུ་དང་ཨ་ནེ་ག་ས་ག་ནས་ཐོན་ཡོང་པ་དེ་དང་འདྲ་པོ་འདུག།
དེང་སྐབས་སྤྱི་ཚོགས་ནང་དུ་ཆིག་སྒྲིལ་གྱི་ནུས་པ་སྤེལ་མཁན་ལས་དཀྲུགས་མཁན་མང་དུ་འགྲོ་བཞིན་པ་ནི། བཙན་བྱོལ་ལམ་ཕྱི་སྡོད་བོད་མིའི་སྤྱི་ཚོགས་ནས་གཟབ་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། གལ་ཏེ་མདོ་སྟོད་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་དང་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གཉིས་ལ་དོན་དམ་གྱི་ཡོངས་གླིང་སློབ་གྲྭའི་རྙོག་གླེང་དེར་ཞིབ་འཇུག་དང་ཁྲིམས་རྩོད་བྱ་འདོད་ཡོད་ཚེ། རྒྱ་གར་ནང་དུ་ཁྲིམས་ཁང་སྟོང་ཕྲག་བརྒལ་བར་ཡོད་ལ། ཁོང་གཉིས་ལ་དངུལ་གྱི་དཀའ་ངལ་ནི་ཡོད་ཀྱི་མ་རེད། འོན་ཀྱང་སེམས་ཤུགས་ཆེ་མདོག་དང་སྤྱི་སེམས་ཡོད་མདོག་གིས་གྲོས་ཚོགས་རྭ་བའི་ནང་དུ་གང་བྱུང་ཤོད་ནས་སྡོད་པ་ལས་ད་དབར་དུ་སྤྱི་དོན་ལ་སྨན་པའི་ལས་དོན་སྣ་གཅིག་ཀྱང་བྱས་མེད་ལ་། མ་འོངས་པ་ལའང་བྱེད་ཀྱི་རེད་བསམ་པའི་རེ་བ་དང་ཡིད་ཆེས་ཀྱང་སླེབས་ཀྱི་མི་འདུག ཁོང་གཉིས་ལྟ་བུའི་སྤྱི་འཐུས་ཞེས་འབོད་རྒྱུ་ཡང་ངོ་ཚ་སྐྱེས་ཀྱི་འདུག
རྩོམ་ལ་པོ་ལགས་ཅི་སྟེ་བདག་ཁོང་ཡིན་ན། ངས་རང་ཉིད་ཐོག་མར་དབྱངས་གསལ་གྱི་འགྲོ་ངོ་ཡང་དག་མི་ཤེས་པ་ཞིག་རྦད་དེ་བརྗེད་དེ་ད་ཆ་རྐུབ་སྟེགས་ཅུང་ཟད་ཐོབ་དུས་ཁྱི་རྒན་ཐོག་ཁར་བཏོན་ན་ནམ་མཁའི་སྐར་མར་ཟུག་མཁན་དང་། སྦུད་པར་དབང་བྱུང་ན་གོ་ཁ་ཐལ་ཚུབ་ཀྱི་བརྒྱང་མཁན་གྱི་ཐ་ཤལ་དེའི་ཁ་ལ་ཐལ་བ་སྦར་མོ་འདེབས་ངེས་ཅན་ཡིན།
ཡོངས་གླིང་སློབ་གྲྭ་ཤེས་རིག་ལས་ཁུངས་ཀྱིས་རྩིས་ལེན་བྱ་དགོས་ཡོད་ན། བོད་ཁྱིམ་བོད་སློབ་གྲྭ་ཁག་ཤེས་རིག་ལས་ཁུངས་ཀྱིས་རྩིས་ལེན་མི་བྱེད་དོན་ག་རེ་ཡིན་ནམ།
སྤྱི་ཚོགས་ཞབས་འདེགས་ཡག་པོ་བསྒྲུབ་དང་སྒྲུབ་བཞིན་ཡོད་འདུག་པར་ཐུགས་རྗེ་ཆེ་ཞུ། ཡང་རྡ་སར་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་འགན་རྐང་བཞེས་བཞིན་ཡོད་གནས་གོ་ཐོས་བྱུང་བར་མངགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་ཐོར།
སྐུ་ངོ་ཟླ་ཚེ་ལ་སྙིང་ཐག་པ་བཀའ་དྲིན་ཆེ་ཞུ།
ཕག་རི་ཤོ་ཟུར་ཚེ་དབང་གི་སྐོར་གཅིག་ར་བཤད་མེད་ནོ་ཅ་ིརེད། ཐོག་དང་བོར་སློབ་གྲྭ་མཉམ་འཛུགས་བྱེད་མཁན་ཚོའི་སྐོར་གསལ་བོར་བཤད་རོགས། དེ་ནས་གནད་དོན་གཞན་ཞིག་ཀྱང་མཐོང་གི་རེད།
ཐོག་དང་པོར་སློབ་གྲ་མཉམ་འཛུགས་གནང་མཁན་ཁོ་རང་མ་ཏོགས་གཞན་པ་རྣམ་ཕྱིར་ཞོལ་བྱས་འདུགས་ ཟླ་བ་ཚི་རིང་ལ་སུ་རྗེ་སུ་ཡིད་རང་དང་ཐུགས་རྗེ་ཆེ་ཞུ།།
མངགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་
དངོས་ཡོད་གནས་ཚུལ་ཁ་གསལ་པོ་དང་ཡག་པོ་བསྐོད་འདུག་ཐུགས་རྗེ་ཆེ། དེ་མིན་སྤྱི་ཚོགས་ནང་གོ་བ་ལོག་གྲུབ་བྱེད་མཁན་དང་ཕྲ་དོག་བྱེད་མཁན་ཤིན་ཏུ་མང་བས། དེ་མིན་སྤྱི་ཚོགས་ནང་དཀའ་ལས་དང་ལྷག་བསམ་རྣམ་དག་བྱེད་མཁན་རྣམས་ལ་སྡང་ཟུག་བྱེད་མཁན་ཡང་མང་བས། མི་མང་མགོ་བོ་རྨོངས་དུ་འཇུག་གི་འདུག།
ཨ་རྩིས། ད་མང་པོ་མ་ཤོད་སྤུན་གྲོགས་ཚོ།
བཤད་དྲག་པས་ཚིགས་ལྷད་དུ་མས་ཁྲོད།
ང་ཙམ་ཁྱོད་ཙམ་བར་དུ་གནས་འགྲིག་ན།
དེར་མ་གནས་སྤྱི་ཚོགས་ཁྲོད་དུ་བསྒྲགས།
ད་ལྡོས་རྒྱུན་མ་ཆད་དབྱར་ཆར་ལྟ་བུ་ཤར་ཤར།
འུར་ཚུབ་ཚུབ་ཆུ་རླབས་ཆེན་པོ་ཡོང་ཉེན་ཡོད།
དེ་མི་འབྱུང་ཚང་མའི་ཐུགས་འཁུར་འགན་ལ་བབ།
ཚང་མའི་ཐྲུགས་སེམས་འཇོག་ན་བཟང་ངོ་ཆེ།
ཆོལ་དབྱེ་མེད་རྡོག་རྩ་ཆིག་བསྒྲིལ་བགྱིས།
རང་སཽས་འཇོན་ཚོད་དཔག་ཚོད་ངང་།
སྐད་ཡིག་ཆས་གོས་རིགས་གཞུང་བཟང་པོ་རྣམས།
མི་ཉམས་རྒྱུན་འཛིན་སྲ་རྟན་བདག་གཅེས་ཐོག
བོད་སྤྱི་དོན་ཁོ་ནར་བསམ་སྟེ་དཔུང་བསྒྲིལ་དང་།
མྱུར་ཆོས་ལྡན་ཞིང་ཁམས་མཇལ་རྒྱུ་དུས་ཚོད་ཡོང་།
གོ་ན་རྣ་བའི་བུ་རམ་གྱིས།
མ་གོ་ཚིགས་ལ་འདྲ་མ་མེད།
ཟླ་བ་ཚེ་རིང་འགྲེལ་བཤད་ཡག་པོ་བྱོས་འདུག། ཐུགས་རྗེ་ཆེ།??????
བཀུར་འོས་པའི་སྤྱི་འཐུས་ཟླ་བ་ཚེ་རིང་ལ་སྙིང་ནས་གུས་བརྩི་ཡོད།