འཕྲིན་ལས་རྒྱ་མཚོ།
ཨ་རིའི་འོས་བསྡུ་ཆེན་མོའི་བགྲོ་གླེང་གི་ཚ་རླབས་འཕྱུར་བཞིན་པའི་སྐབས་འདིར་ཨ་རིའི་ཆབ་སྲིད་ཀྱི་ཁྲོད་འགལ་རྐྱེན་དུ་གྱུར་བའི་གནད་དོན་ཆེན་པོ་འགའ་བོད་ཡིག་ཀློག་པོ་དག་ལ་ངོ་སྤྲོད་བྱ།
ཚང་མས་ཤེས་གསལ་ལྟར། ཨ་རིའི་ཆབ་སྲིད་ཀྱི་སྡིངས་ཆ་དེ་ཆབ་སྲིད་ཚོགས་པ་གཉིས་ཀྱིས་བཟུང་ཡོད། དེ་ནི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་རེད་ལ། འདས་པའི་མི་ལོ་བཅུ་ཕྲག་མང་པོའི་རིང་ཆབ་སྲིད་ཚོགས་པ་འདི་གཉིས་ཀྱིས་སྤྱི་ཚོགས་བདེ་དོན་དང་དཔལ་འབྱོར་ལམ་ལུགས་ལ་འཛིན་པའི་ལྟ་བའི་བར་དུ་ཧེ་བག་ཆེན་པོ་ཡོད།
སྤྱི་མཐུན་ཚོགས་པས་རང་དབང་ལྡན་པའི་ཁྲོམ་རའི་ལམ་ལུགས་གཙོ་བོར་འཛིན་དགོས་སྐོར་བཤད་བཞིན་ཡོད་པ་མ་ཟད། མང་ཚོགས་ཀྱི་དཔྱ་ཁྲལ་ཉུང་དུ་བཏང་སྟེ་སྤྱི་ཚོགས་ཞབས་ཞུའི་ལས་དོན་མང་ཆེ་བ་རང་དབང་ལྡན་པའི་ཁྲོམ་རའི་ཁེ་ལས་རང་བཞིན་ལ་བསྒྱུར་དགོས་ཚུལ་བཤད་པ་དང་། འབྱོར་ལྡན་པ་དག་ནི་ཨ་རིའི་མི་མང་ལ་ལས་ཀ་སྤྲོད་མཁན་ཤུགས་ཆེ་ཤོས་དེ་ཡིན་སྟབས། ཁོང་ཚོར་ལྷག་པར་དུ་དཔྱ་ཁྲལ་ཆག་ཡང་གཏོང་དགོས་སྐོར་བཤད་ཀྱིན་ཡོད།
དམངས་གཙོ་ཚོགས་པས་སྲིད་གཞུང་གིས་སྤྱི་ཚོགས་ཞབས་ཞུ་ལ་འགན་ཆེན་པོ་འཁུར་དགོས་པར་ཡིད་ཆེས་བྱེད་ཅིང་། ལམ་བཟོ་དང་ཟམ་པ་རྒྱག་པ། མཐོ་རིམ་སློབ་གསོའི་སློབ་ཡོན་ཉུང་དུ་གཏོང་བ། འཕྲོད་བསྟེན་ཞབས་ཞུ་མི་སེར་ཡོངས་ལ་ཆ་མཉམ་དུ་སྤྲོད་ཐབས་བྱེད་དགོས་པ་བཅས་ལ་ཡིད་ཆེས་བྱེད་མོད། ལས་དོན་དེ་དག་འགྲུབ་པ་ལ་དངུལ་མང་པོ་དགོས་པ་དང་། དངུལ་བསྡུ་བ་ལ་དཔྱ་ཁྲལ་མང་དུ་གཏོང་དགོས། དཔྱ་ཁྲལ་མང་དུ་བཏང་ན་རང་བཞིན་གྱིས་འོས་ཐོབ་པར་གྱོང་རག་ངེས་ཡིན།
དེར་བརྟེན། འདས་པའི་མི་ལོ་བཅུ་ཕྲག་གསུམ་ལྷག་རིང་དཔྱ་ཁྲལ་ཉུང་དུ་གཏོང་བ་ནི་ཨ་རིའི་འོས་བསྡུའི་ཁྲོད་ཀྱི་འབོད་སྒྲ་གཙོ་བོ་ཞིག་ཏུ་གྱུར་བ་རེད། འོས་བསྡུ་རིམ་པའི་ཁྲོད་དཔྱ་ཁྲལ་ཉུང་ནས་ཉུང་དུ་བཏང་བ་དང་འབྱོར་ལྡན་དག་གི་དཔྱ་ཁྲལ་དེ་བས་ཀྱང་ཉུང་དུ་བཏང་བའི་འབྲས་བུར། ཨ་རིའི་སྲིད་གཞུང་གིས་དགོས་ངེས་ཀྱི་སྤྱི་ཚོགས་ཞབས་ཞུ་དག་ཀྱང་བུ་ལོན་མ་གཡར་བར་སྒྲུབ་མཇལ་མི་ཐུབ་པ་ཆགས་ཡོད།
དཔྱ་ཁྲལ་ཆག་ཡང་གཏོང་བའི་སྲིད་བྱུས་ལ་ཤུགས་འཕར་མ་རྒྱག་མཁན་རྣམས་འབྱོར་ལྡན་པ་དང་ཁེ་ལས་པ་ཆེ་ཁག་ཆགས་ཡོད། ཁོང་ཚོས་རང་གི་ཁེ་བཟང་དང་ཁེ་ལས་ཀྱི་བྱེད་ལས་དང་མཐུན་པའི་སྲིད་བྱུས་གཏན་འབེབས་ཡོང་ཆེད་ཨ་རིའི་རྒྱལ་སར་ཞུ་གཏུགས་བྱེད་མཁན་ཆེད་ལས་པ་འཇོག་པ་དང་། དངོས་ཤུགས་བརྒྱུད་གསུམ་ནས་ཆབ་སྲིད་པ་དག་ལ་འབྲེལ་བ་བཟུང་སྟེ་གྲོགས་སུ་འགུག་ཐབས་བྱེད་པ་མ་ཟད། སྐབས་རེར་དངུལ་ཕོན་ཆེན་སྤྲོད་པའམ་ཚོང་རྫས་ཀྱང་རིན་མེད་དུ་སྟེར་པ་སོགས་བྱེད་ཀྱིན་ཡོད།
སྤྱི་མཐུན་ཚོགས་པ་དང་དེའི་རྒྱབ་ཀྱི་འབྱོར་ལྡན་པ་དག་གིས་རང་དབང་ལྡན་པའི་ཁྲོམ་རྭས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་ཐུབ་སྐོར་བཤད་པ་དང་། དཔྱ་ཁྲལ་མང་དུ་བསྡུས་ཏེ་སྲིད་གཞུང་གིས་བསྒྲུབ་པའི་སྤྱི་ཚོགས་ཞབས་ཞུ་རྒྱ་ཆེ་རུ་ཕྱིན་ན་རང་དབང་གི་ཁྲོམ་ར་དང་ཁེ་ལས་ལ་གནོད་པ་ཐེབས་ཏེ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་ལ་གནོད་སྐྱོན་ཕོག་སྲིད་པར་བཤད།
འདས་པའི་མི་ལོ་སུམ་ཅུ་ལྷག་རིང་སྤྱི་མཐུན་ཚོགས་པས་དཔལ་འབྱོར་ལམ་ལུགས་འདི་ལག་ལེན་བྱས་པར་བརྟེན་ཏེ། ཨ་རིའི་ནང་དུ་མཐོ་རིམ་སློབ་གསོ་དང་འཕྲོད་བསྟེན་གཙོས་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་ཡོངས་རྫོགས་ཁེ་ལས་རང་བཞིན་ཅན་དུ་གྱུར་ཏེ། འབྱོར་མེད་དག་ཚེ་གང་བོར་བུ་ལོན་ནང་ལྷུང་སྟེ་དཔལ་འབྱོར་གྱི་བྲན་གཡོག་ལྟ་བུར་འགྱུར་བཞིན་ཡོད། བུ་ལོན་གྱི་མགོ་འཛུགས་ས་ནི་མཐོ་རིམ་སློབ་གསོ་ཡིན་ལ། ཨ་རིར་མཐོ་སློབ་མཐར་ཕྱིན་པ་དག་གི་ཁྲོད་དུ་ཨ་སྒོར་འབུམ་ལྷག་གི་བུ་ལོན་མེད་མཁན་ཉུང་ཉུང་ཡིན། མཐོ་སློབ་མཐར་ཕྱིན་པ་དང་སྡོད་གནས་དང་རླངས་འཁོར་དགོས་ལ། དེ་དག་ཀྱང་ཁེ་ལས་དངུལ་ཁང་ཞིག་ནས་བུ་ལོན་གཡར་ཏེ་ཉོ་དགོས། ལས་ཀ་བྱས་ཏེ་ལོ་ངོ་མང་པོའི་རིང་ཟླ་བ་རེ་རེ་བཞིན་གླ་དངུལ་ལས་བརྒྱ་ཆ་གང་འཚམ་ཞིག་བུ་ལོན་དུ་སྤྲོད་དགོས་པ་མ་ཟད། གལ་སྲིད་དུས་ལྟར་བུ་ལོན་སྤྲོད་མ་ཐུབ་ཚེ་དངུལ་གྱི་ཉེས་ཆད་ཀྱང་རག་གི་ཡོད།
གལ་སྲིད་ཁྱེད་རང་འབྱོར་ལྡན་པ་ཞིག་མིན་ཚེ། རྒྱུན་པར་ལུས་ཀྱི་འབྱུང་བཞི་མི་འཁྲུག་པའི་སྨོན་ལམ་རྒྱག་དགོས། ཨ་རིའི་སྨན་པ་དང་སྨན་རྫས་དག་རྒྱལ་ཁབ་གཞན་གང་དུ་བསྡུར་ཡང་ལྡབ་འགྱུར་གྱིས་རིན་གོང་ཆེ་པ་ཡིན་ལ། ཁྱེད་ཀྱིས་འཕྲོད་བསྟེན་ཁག་ཐེག་ (health insurance) ཉོས་ཡོད་ཀྱང་། ཁྱེད་ཀྱི་ན་ཚར་དགོས་པའི་སྨན་བཅོས་ཐོག་རོགས་དངུལ་རག་མིན་ལ་ཁག་ཐེག་མེད། གང་ཡིན་ཟེར་ན། ཨ་རིའི་འཕྲོད་བསྟེན་ཁག་ཐེག་ཁེ་ལས་ཚོགས་པ་ཁག་གིས་སྔར་ནས་ཡོད་པའི་གནས་སྟངས་(pre-existing conditions) ཞེས་པའི་ཐོ་གཞུང་རིང་མོ་རེ་བཟོས་ཡོད་པ་མ་ཟད། དེའི་ནང་དུ་ཁྱོད་ཀྱི་ནད་གཞི་དེའི་མིང་ཡང་ཡོད་ངེས་ལ། གལ་སྲིད་ཁྱེད་ཀྱི་ནད་གཞིའི་མིང་ཐོ་གཞུང་དེར་ཚུད་ཡོད་ཚེ་ཁྱོད་ལ་འཕྲོད་བསྟེན་ཁག་ཐེག་གི་རོགས་དངུལ་དེ་རེག་པའི་ལས་སྐལ་མེད་སོང་བ་རེད། དེ་ལྟར་ཁོང་ཚོས་ཁྱོད་ལ་འཕྲོད་བསྟེན་ཁག་ཐེག་གི་རོགས་དངུལ་མི་སྤྲོད་རྒྱུར་ཐབས་ཤེས་ཡོད་དགུ་བྱས་ཡོད་ཅིང་། དེ་ནི་ཁོང་ཚོ་ནི་ཁེ་ལས་པ་ཡིན་པས་སོ། །
དམངས་གཙོ་ཚོགས་པའི་རམ་འདེགས་དང་བསྟུན་ཏེ་སྲིད་འཛིན་ཨོ་བྷ་མས་འཕྲོད་བསྟེན་ཁག་ཐེག་ལས་རིམ་ཞིག་གཏན་འབེབས་ཀྱིས་ཁྲིམས་སུ་བཟོ་ཐུབ་ཡོད་མོད། ཁྲིམས་དེས་འཕྲོད་བསྟེན་ཁེ་ལས་ཚོགས་པ་དག་གི་ཁེ་སྤོགས་ལ་སྟངས་འཛིན་བྱས་ཡོད་པར་བརྟེན་ཏེ། འབྱོར་ལྡན་འཕྲོད་བསྟེན་ཁེ་ལས་པ་དང་སྤྱི་མཐུན་ཚོགས་པས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད། སྲིད་འཛིན་རྗེས་མ་དེ་སྤྱི་མཐུན་ཚོགས་པའི་འོས་མི་ལ་ཐོབ་པ་ཡིན་ན། ཨོ་བྷ་མའི་འཕྲོད་བསྟེན་ཁག་ཐེག་ཁྲིམས་ལུགས་དེ་རྩིས་མེད་དུ་གཏོང་རྒྱུ་ཁོང་ཚོའི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད།
དེ་བཞིན། ཨ་རིའི་ནང་མེ་མདའ་བེད་སྤྱོད་ལོག་པར་བཏང་སྟེ། ལོ་རེ་བཞིན་མིའི་ཚེ་སྲོག་ཤོར་བའི་གྲངས་འབོར་ཡང་ཧ་ཅང་ཚད་མཐོན་པོར་བསླེབས་ཡོད་ལ། དེའི་རྒྱུ་མཚན་ནི་ཨ་རིར་མེ་མདའ་ཉོ་ཚོང་བྱེད་པར་བཀག་འགོག་དེ་ཙམ་མེད་པས་ཡིན། སེམས་ཁམས་བདེ་ཐང་མིན་པའི་མི་ཞིག་གིས་ཉེས་མེད་མི་སེར་བཅུ་གྲངས་རེ་དམར་གསོད་གཏོང་ཐེངས་རེར། ཨ་རིར་མེ་མདའ་ཉོ་ཚོང་བྱེད་པར་སྟངས་འཛིན་ནན་པོ་དགོས་པའི་བགྲོ་གླེང་ཤུགས་ཆེན་པོ་ཡོང་གི་ཡོད་ཀྱང་། མེ་མདའ་ཉོ་ཚོང་བྱེད་པའི་ཁེ་ལས་དག་གི་ཤུགས་རྐྱེན་ཆེ་དྲགས་ཏེ། མེ་མདའ་དང་འབྲེལ་བའི་ཁྲིམས་གསར་པ་བཟོ་ཐུབ་ཀྱི་མེད་ལ། དེ་སྔ་བཟོས་ཡོད་པ་དག་ཀྱང་ལག་བསྟར་བྱེད་ཐུབ་ཀྱི་མེད།
མི་རྣམས་ཀྱིས་ཨ་རི་ནི་དམངས་གཙོ་དང་རང་དབང་ཆེ་ཤོས་ཀྱི་དཔེ་མཚོན་རྒྱལ་ཁབ་ཅིག་ཏུ་གདེང་འཇོག་བྱེད་ཀྱིན་ཡོད་མོད། འོན་ཀྱང་འཇིག་རྟེན་འདིའི་སྟེང་དུ་བཙོན་པའི་གྲངས་འབོར་མང་ཤོས་དེ་ཨ་རི་ཆགས་ཡོད་ལ། ཨ་རིའི་བཙོན་པའི་གྲངས་འབོར་ས་ཡ་གཉིས་ལས་བརྒལ་ཡོད། བཙོན་པའི་གྲངས་འབོར་དེ་ལྟར་ཚད་མཐོན་པོར་བསླེབས་དོན་ཡང་མཐར་གཏུག་ན། ཨ་རིའི་ཁེ་ལས་དག་གི་ཁེ་ཕན་ལ་འབྲེལ་བ་དམ་པོ་ཡོད། ཨ་རིའི་བཙོན་ཁང་མང་པོ་ཞིག་སྒེར་གྱི་ཁེ་ལས་པ་དག་གིས་འཛིན་སྐྱོང་བྱེད་བཞིན་ཡོད་ལ། ཁོང་ཚོར་བཙོན་པ་ཇི་ཙམ་མང་ན་དེ་ལྟར་ཨ་རིའི་གཞུང་གི་དངུལ་རག་གི་ཡོད། དེར་བརྟེན། ཉེན་རྟོག་པ་དང་ཁྲིམས་དཔོན་མང་པོ་ཞིག་ལ་བཙོན་ཁང་ཁེ་གཉེར་བ་དག་གིས་དངུལ་དང་ཤུགས་རྐྱེན་སྤྲད་དེ། ནག་ཉེས་ཆེ་ཆུང་ལ་མ་ལྟོས་པར་རྒྱབ་དཔུང་མེད་པའི་མི་མང་པོ་གང་བྱུང་འཛིན་བཟུང་བྱས་ཏེ་བཙོན་དུ་འཇུག་བཞིན་ཡོད།
མདོར་ན། ཨ་རིའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས། མཐའ་ན་དམངས་ཀྱི་བསམ་བློ་ཚུན་ཁེ་ལས་པ་དག་གིས་དབང་བསྒྱུར་བྱེད་བཞིན་ཡོད། ཨ་རིའི་ནང་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ཀྱང་ཁེ་ལས་པ་ཚོས་བདག་བཟུང་བྱས་ཡོད་ལ། ཁེ་ལས་པ་འདི་དག་གིས་ཀྱང་ཁེ་ལས་པ་གཞན་དང་འདྲ་བར། ཐབས་བརྒྱ་ཇུས་སྟོང་གིས་རང་གི་ཁེ་ཕན་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་མ་ཟད། ཁེ་ལས་པའི་བྱ་སྤྱོད་མི་ལེགས་པ་དག་འགེབས་སྲུང་དང་བསླུ་བྲིད་བྱེད་བཞིན་ཡོད་སྟབས། སྤྱི་ཚོགས་ནང་གི་མི་མང་པོ་ཞིག་གིས་ཁེ་ལས་པ་དག་གིས་ག་རེ་བཤད་ཀྱང་བདེན་པར་མཐོང་གི་ཡོད།
གསར་འགྱུར་ཡིན་པ་འདྲ་བོ། རྩོམ་ཡིག་ཡིན་པ་འདྲ་བོ། ལོ་རྒྱུས་ཡིན་པ་འདྲ་བོ། ངོ་སྤྲོད་ཡིན་པ་འདྲ་བོ། ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ཆབ་སྲིད་ཚོགས་པ་དང་འོས་འདེམས་ཆེན་མོ་སོགས་ཀྱི་སྐོར་བཤད་དགོས་ན་རྫོགས་མཐའ་ཡོད་པ་མ་རེད་་