ཁ་སང་ཕྱི་ཚེས་ ༨ ཉིན་ནས་མགོ་འཛུགས་ཀྱིས་ཡུ་རོབ་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྟེང་༧གོང་ས་མཆོག་དབུ་བཞུགས་གནང་ཡོད་པ་རེད།
ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མེན་(Mr. Thomas Mann)མཆོག་དང་། ཡུ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཚན་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧེན་རི་མ་ལོ་སི་(Mr. Henri Malosse)མཆོག ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཞོན་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཀི་རིསི་ཤ་ཊེན་ཌེན་པེ་རེ་ཌ་ (Cristian Dan Preda) མཆོག ཕི་ལེ་མིཤ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇན་པེའུ་མན་སི་ (Jan Peumans, Speaker of the Flemish Parliament) མཆོག ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་རི་ཆར་ཌི་གྷེར་(Richard Gere)ལགས། མིག་ལོང་བ་ཁྲིན་ཀུང་ཁྲེན་དང་སོགས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ ༢༥ ཙམ་བཅས། རྒྱལ་ཁབ་ ༥༠ ཙམ་ནས་ཚོགས་བཅར་བ་ ༢༥༠ ཙམ་མཉམ་ཞུགས་གནང་ཡོད་པ་རེད།
དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། སྦེལ་ཇམ་དང་སུད་སི། ཐེ་ཝན་སོགས་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་དོན་གཅོད། ཡུ་རོབ་སྤྱི་འཐུས་རྣམ་གཉིས། དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་དང་། དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པའི་མི་སྣ་བཅས་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་དེ་ཚེས་ ༨ ནས་ ༡༠ བར་ཉིན་གསུམ་རིང་ཚོགས་རྒྱུ་ཡིན་འདུག
ཚོགས་འདུ་དབུ་འབྱེད་སྟེང་༧གོང་ས་མཆོག་གིས་ཁོང་གི་མཛད་འཁུར་གཙོ་བོ་གསུམ་གྱི་སྐོར་ངོ་སྤྲོད་དང་། དེའི་ཐོག་ཚང་མས་ཐུགས་འཁུར་བཞེས་དགོས་པ་དང་། བོད་ཀྱི་ཆབ་སྲིད་མང་གཙོའི་ལམ་ལུགས་ཐོག་འགྱུར་ཐབས་གནང་བའི་བརྒྱུད་རིམ། ཕྱི་ལོ་ ༢༠༡༡ ལོར་མགོན་པོ་གང་ཉིད་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་མཛད་ནས་ད་ཆ་བོད་མིའི་སྒྲིག་འཛུགས་འདི་མང་གཙོའི་ལམ་བཟང་ཐོག་ཤར་བསྐྱོད་བྱེད་བཞིན་ཡོད་ཅེས་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་དང་རིག་གཞུང་ནི་བོད་མི་ཙམ་མ་ཟད། འཛམ་གླིང་སྤྱི་ལ་ཕན་པའི་ནུས་པ་ཡོད་སྟབས། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ཚང་མས་དེ་དག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་བཀའ་སློབ་སྩལ་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ནི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་ཐབས་རྩོད་བྱེད་བཞིན་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ནི་གཅིག་ཕམ་གཅིག་རྒྱལ་ལྟ་བུ་མ་ཡིན་པར་གཉིས་སྨན་གྱི་སྲིད་བྱུས་ཞིག་ཡིན་པར་བརྟེན། ཚོགས་བཅར་བ་རྒྱ་རིགས་ཚོའི་ངོས་ནས་རྒྱ་མི་རིགས་ཤེས་ཡོན་ཅན་དང་། མང་ཚོགས་ཁྲོད་གོ་རྟོགས་སྤེལ་དགོས་་སྐོར་དང་། གཞུང་འཕོ་འགྱུར་འགྲོ་རྒྱུ་ཡིན་མོད་ཀྱང་། རྒྱ་ནག་མི་མང་ནི་དུས་རྟག་ཏུ་གནས་རྒྱུ་ཡིན་སྟབས་མང་ཚོགས་ནས་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན་ཞེས་སོགས་གསུངས་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཐེངས་འདིའི་ཚོགས་འདུའི་ནང་རྒན་གཞོན་དར་གསུམ་ཚང་འདུག་སྟབས། ཉིན་གསུམ་གྱི་རིང་རྒན་པའི་རྣམ་དཔྱོད་དང་། གཞོན་པའི་སེམས་ངར་མཉམ་སྡེབས་ཀྱི་ཐོག་ནས་ཚོགས་འདུ་དོན་དང་ལྡན་པ་ཞིག་ཡོང་བའི་ཐོག་ནས་ལོ་ངོ་བཅུ་ཕྲག་དྲུག་ལྷག་རིང་རྒྱ་ནག་གཞུང་གི་གདུག་རྩུབ་འོག་གནས་པའི་བོད་མིའི་མངོན་འདོད་དང་རེ་བ་སྐོང་ཐུབ་པའི་འདུན་པ་བྱེད་ཀྱི་ཡོད་ཅེས་དང་། ད་ལན་རྒྱལ་ཁབ་ཁག་ ༥༠ ནས་བཅར་བའི་བོད་དོན་རྒྱབ་སྐྱོར་བ་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དེ་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་དུས་ལ་བབ་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་པ་རེད་ཅེས་དང་། དེ་བཞིན་བོད་ནང་རང་ལུས་མེར་སྲེག་གིས་མཚོན་ཛ་དྲག་གནས་སྟངས་སྤྱིའི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། དབུ་མའི་ལམ་ནི་ཡང་དག་པའི་སྲིད་བྱུས་ཞིག་ཡིན་པ་དང་། ང་ཚོས་སྲིད་བྱུས་འདི་ལམ་ལྷོང་ཡོང་ཐབས་སུ་གོ་བསྡུར་སྦྱངས་བཤད་གནང་དགོས་སྐོར་སོགས་གསུངས་ཡོད།
ཐེངས་འདིའི་ཚོགས་ཆེན་དེ་གྲ་སྒྲིག་ཡག་པོ་ཁྱོན་ནས་མེད་པ་ཞིག་མཐོང་སོང་། མཐའ་ན་པར་འདི་རྒྱག་སྟངས་ལ་བལྟས་ནའང་ཧ་གོ་བ་ཞིག་རེད། པར་གྱི་ནང་དི་ཚོགས་མི་ཕྱེད་ཙམ་ལས་ཐེབས་མི་འདུག དེ་ནས་པར་རྒྱག་སྐབས་རྒྱབ་ལོག་གི་སྒོ་དེ་ཕྱེ་ཡོད་པས་པར་གྱི་ནང་དུ་འོད་ཆེན་པོ་སླེབས་ཏེ་མི་མང་པོ་ཞིག་མཐོང་ིག་མི་འདུག
ཁྱད་མཚར་ལ། ཚོགས་བཅར་བའི་ཕྱེད་ཙམ་བོད་པ་རེད་འདུག རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་མ་རེད་པཱེ་་་