རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་ཞུཊ་འབུལ་ཞུས།
དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཙམ་གྱི་ཐོག་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་བཞུགས་སྒར་དྷ་རམ་ས་ལ་རུ་ཞུགས་འབུལ་གནང་སོང་། དེ་རིང་ཞོགས་པའི་ཆུ་ཚོད་ ༧ པ་ཐོག་བཞུཊ་སྒར་དྷ་རམ་ས་ལའི་ལྷ་རྒྱལ་རིར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོའི་དབུས་རྒྱུན་ལས་རྣམ་པ། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་། གཞན་ཡང་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འདུ་འཛོམས་ཐོག བསྟན་འཛིན་ཆོས་དབྱིངས་ལགས་ལ་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་བའི་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོ་གྲོལ་བ་དང་ཚང་མས་སྐུ་ཕུང་ལ་མཇལ་དར་བསྒྲོན། དེ་ནས་སྐུ་ཕུང་དྷ་སྟེང་བོད་ཁྱིམ་ལམ་གྱི་ཕུང་སྲེག་ཁང་དུ་གདན་འདྲེན་ཞུས་ཏེ་ཞུགས་འབུལ་གནང་སོང་། རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་བའི་མཛད་སྒོའི་ཐོག དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་སྲི་གཅོད་ལགས་ཀྱིས། རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ནང་མི་ངོ་སྤྲོད་དང་སྦྲགས། ཆོས་དབྱིངས་ལགས་ཆུང་བྱིས་པའི་དུས་ནས་ཡ་རབས་བཟང་སྤྱོད་ལྡན་ཞིང་། རིགས་ཞེན་ཆེ་བའི་གཞོན་ནུ་ཞིག་ཡིན་ལ། དེ་སྔོན་ཝར་ཎ་མཐོ་སློབ་ཏུ་ནང་ཆོས་དང་ཆབ་སྲིད་ཀྱི་ལས་འགུལ་རིགས་མང་པོའི་ནང་ཁོང་མཉམ་ཞུགས་གནང་ཡོད་པ་དང་། ལྷག་པར་དུ་གནས་མཆོག་རྡོ་རྗེ་གདན་གྱི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་ཐོག དབུས་གཞོན་ནུ་ལྷན་ཚོགས་ནས་སྤྱི་ཚོགས་ཞབས་ཞུའི་རྣམ་གྲངས་མི་འདྲ་བ་ ༩ གོ་སྒྲིག་ཞུ་སྐབས། ཆོས་དབྱིངས་ལགས་ཀྱིས་མེ་འཁོར་འབབ་ཚིགས་སུ་འགྲུལ་བ་ཚོར་ཉིན་མཚན་བསྟུད་མར་ཞབས་ཞུ་ཧུར་ཐག་གནང་ཡོད་སྐོར་བརྗོད་པ་དང་འབྲེལ། ཁོང་གིས་བྲིས་པའི་སྙན་ངག་ཚིགས་བཅད་ཤོ་ལོ་ཀ་འདི་གཉིས་སྒྲོགས་སྦྱངས་གནང་སོང་། བོད་པའི་རིག་གཞུང་དེ་བོད་པས་མ་བཟུང་ན་སུ་ཡིས་བཟུང་།། བོད་པའི་བོད་སྐད་དེ་བོད་པས་མ་བཟུང་ན་སུ་ཡིས་བཟུང་།། བོད་པས་ནང་ཁུལ་ལ་མཐུན་སྒྲིལ་མ་བྱེད་ན་སུ་ཡིས་བྱེད།། མཐུན་སྒྲིལ་བྱས་ན་གཞན་གྱིས་གནོད་པ་བྱས་ཀྱང་མི་གནོད།། ང་ཚོས་ཉིན་ལྟར་བརྡ་སྤྲོད་སྦྱོང་།། ཀ་ནས་ཨ་བར་བེད་སྤྱོད་བྱེད།། ཐོན་མིས་དཀའ་ལས་བརྒྱབ་པ་དེ།། ང་ཚོས་མ་སྦྱངས་སུ་ཡིས་སྦྱང་།། དེའི་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ང་ཚོས་གཙོ་བོ་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ཀུན་སློང་དང་བློས་གཏོང་སོགས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་དང་། ཁོང་གི་དམིགས་ཡུལ་གཞིར་བཟུང་གི་ཐོག་ལ་ང་ཚོས་ཕྱར་གྲུ་མཉམ་འདེགས་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་པ་དང་། དེ་བཞིན་ད་ལྟའི་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༡༤༩ ལྷག་དང་། བཙན་བྱོལ་ནང་མི་བཅུ་ཕྲག་ལ་ཉེ་བ་ཆགས་འགྲོ་ཡི་ཡོད་ལ། ཁོང་རྣམ་པས་བློ་གཏོང་གནང་བའི་དམིགས་ཡུལ་གཙོ་བོ་དེ་ནི། རང་གི་མི་རིགས་དང་རང་གི་རྒྱལ་ཁབ། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོག་མཁྲེགས་བཟུང་གི་སྲིད་བྱུས་མུ་མཐུད་འཛིན་གྱི་ཡོད་པའི་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་རིང་གི་འདུ་འཛོམས་འདིའི་ཐོག་ང་ཚོས་རྒྱལ་སྤྱིའི་ཐོག་ལ་གོ་བརྡ་སྤྲོད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་ལའང་གོ་བརྡ་ཤུགས་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་དང་། བོད་མི་ཚོས་ངེས་པར་དུ་བོད་དོན་འཐབ་རྩོད་རྒྱུན་རིང་གནས་ཐབས་དགོས་པ་གལ་ཆེན་པོ་ཡིན་པ་སོགས་གསུངས་པ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཚིག་གིས་མཚོན་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་ཀྱང་ཤུགས་ཆེན་པོའི་ཐོག་ནས་གདུང་སེམས་མཉམ་སྐྱེད་གནང་གི་ཡོད་ཅེས་གསུངས་སོང་། མཐའ་མ་དེར་ཆོས་དབྱིངས་ལགས་ཀྱི་པ་ལགས་ངག་དབང་མཁས་གྲུབ་ལགས་ཀྱིས། ཁོང་གཉིས་ལ་བྱིས་པ་བཞི་ཡོད་པའི་ནང་ནས་ཆོས་དབྱིངས་ལགས་ཆུང་དུས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལས་ཀ་བྱེད་དགོས་ཟེར་མཁན་ཞིག་ཡིན་པ་ལྟར། ཉེ་སྔོན་ཁོས་ཕ་མ་གཉིས་ལ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལས་ཀ་ཤུགས་ཆེན་པོ་ཞིག་བྱེད་འདོད་ཡོད་སྐོར་ཞུས་ཏེ་མཐའ་མར་སྐུ་ལུས་མེར་བསྲེགས་གནང་ཡོད་པ་ངོ་སྤྲོད་དང་འབྲེལ། སྤྱིར་བཏང་མི་ཞིག་གྲོངས་པ་ཡིན་ན། སོ་སོའི་ནང་མི་སྤུན་མཆེད་ཚོ་མ་གཏོགས་འདས་ཆོས་སྒྲུབ་མཁན་དང་གདུང་སེམས་མཉམ་སྐྱེད་གནང་མཁན་མེད་ཀྱང་། ཆོས་དབྱིངས་ལགས་ལ་ས་གནས་གང་སར་ཡོད་པའི་བོད་མི་ཚང་མས་གདུང་སེམས་མཉམ་སྐྱེད་དང་བསྔོ་སྨོན་མཆོད་འབུལ་གནང་བ་དེ། ཁོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་རང་སྲོག་བློས་བཏང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། ཕ་རྒན་གྱི་ངོས་ནས་སེམས་ཤུགས་འཕར་མ་ཞིག་སྐྱེས་ཀྱི་ཡོད་སྐོར་བརྗོད་པ་དང་སྦྲགས། … Continue reading རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་ཞུཊ་འབུལ་ཞུས།
Copy and paste this URL into your WordPress site to embed
Copy and paste this code into your site to embed