ཀིརྟི་རིན་པོ་ཆེ་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན་དྷ་ས་ཁུལ་གྱི་སྨན་ཁང་བདུན་གྱི་ནང་སྨན་རིན་མེད་དང་རྒན་འཁོགས་ཉམ་ཐག་ལ་རོགས་རམ་གྱི་སྦྱིན་པ་གཏོང་བཞིན་འདུག
དེ་རིང་ཀིརྟི་རིན་པོ་ཆེ་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་། བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་ཚོགས་བཅས་ཐུན་མོང་གིས། ༧གོང་ས་མཆོག་བོད་ལུགས་ལྟར་དགུང་གྲངས་བརྒྱད་ཅུ་གྱ་གསུམ་ལ་ཕེབས་པའི་ཞབས་བརྟན་དུ་དམིགས་ཏེ། བཞུཊ་སྒར་དྷ་རམ་ས་ལའི་བདེ་ལེགས་སྨན་ཁང་དང་སྨན་རྩིས་ཁང་གཉིས་ཀྱི་དབུས་དང་དྷ་ས་ས་གནས་ཡན་ལག་ཁང་། བླ་སྨན་ཡེ་ཤེས་དོན་ལྡན་གྱི་སྨན་ཁང་། ནོར་གླིང་ཁྱུ་གསར་སྨན་ཁང་། ཕན་བདེ་གཅེས་སྐྱོང་ཁང་བཅས་ནས་ཉིན་གཅིག་རིང་སྨན་རིན་མེད་དང་། དྷ་ས་བྱམས་པ་གླིང་རྒན་གསོ་ཁང་གི་རྒན་རྒོན་རེར་ཧིན་སྒོར་ ༥༠༠ དང་། རྩམ་པ་མར། བྱེ་མ་ཀ་ར་སོགས་འཚོ་སྣོན་དུ་གནང་འདུག
དེའི་སྐོར་ལ་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་གཙོ་བློ་བཟང་ཤེས་རབ་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ལོ་ ༢༠༡༤ ལོའི་ཀིརྟི་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན། ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་། བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་ཚོགས་བཅས་ཐུན་མོང་ནས་སྤྱིན་གཏོང་འདི་དབུ་འཛུགས་གནང་ཡོད་པ་དང་། ན་ནིང་ལོའི་འཁྲུངས་སྐར་སྐབས་ཁྱོན་ནད་པ་ ༡༤༩༠ ཞིག་ལ་སྨན་སྤྱིན་བཏང་ཡོད་པ་དང་། དེ་བཞིན་འཁྲུངས་སྐར་དང་བསྟུན་དྷ་སའི་བྱམས་པ་གླིང་རྒན་གསོ་ཁང་དང་། རྡོ་རྗེ་གླིང་སུ་ཁེ་ཡི་ས་གནས་དྭ་ཕྲུག་སློབ་གྲྭ་དང་སྨན་ཁང་། རྒན་འཁོགས་ཉམ་ཐག ཁྱིམ་ཚང་དབུལ་པོ་བཅས་ལ་ལག་དངུལ་དང་ཟ་མ། སློབ་མ་ཚོར་འགྲིག་ཆས་སོགས་ཀྱི་སྦྱིན་པ་བཏང་ཡོད་ཀྱང་། རྡོར་གླིང་ཁུལ་གྱི་ངོ་རྒོལ་དཀའ་རྙོག་གི་དབང་གིས་ད་ལོར་འགྲོ་ཐུབ་མེད་སྐོར་དང་། ན་ནིང་ལོར་མཚོན་ན། སྨན་སྦྱིན་དང་ལག་དངུལ། ཟ་མ་སོགས་ཚང་མ་བསྡོམས་ན་ཧིན་སྒོར་འབུམ་ ༡༤ མ་ཟིན་ཙམ་བཏང་ཡོད་ལ། ལོ་རེ་བཞིན་ནད་པ་ཇེ་མང་དང་འགྲོ་སོང་ཆེ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།
འདི་གའི་གསར་འགོད་པ་དབུས་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་དུ་ཕྱིན་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། ནམ་རྒྱུན་གཟའ་མིག་དམར་དང་བསྡུར་ན་དེ་རིང་ནད་པ་མང་དུ་ཕྱིན་འདུག བོད་སྨན་བསྟེན་མཁན་ནད་པ་མང་པོས་ཡུན་རིང་པོའི་སྨན་ལེན་བཞིན་འདུག་སྟབས། སྨན་པ་དང་སྨན་སྤྲོད་ཁང་གི་ལས་བྱེད་རྣམས་བྲེལ་བ་འདུག་ལ། ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱིས་སྨན་སྤྲོད་པར་རོགས་པ་བྱེད་ཀྱི་འདུག
ཡང་བློ་བཟང་ཤེས་རབ་ལགས་ཀྱིས། ལོ་ལྟར་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་དགོན་པ་དང་སྡེ་བ་རྣམས་ཀྱིས་རིན་པོ་ཆེའི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་ཡོད་པ་དང་། ཉིན་དེར་རྒྱ་ནག་གཞུང་ནས་འབྲེལ་ཡོད་དགོན་སྡེ་ཁག་གིས་ག་རེ་བྱེད་ཀྱི་ཡོད་པ་དང་། སུ་ལ་འབྲེལ་བ་བྱེད་ཀྱི་ཡོད་མེད་སོགས་ལ་རྟོག་ཞིབ་དང་འབྲེལ་གནོན་ཤུགས་ཡོད་ནའང་། འཁྲུངས་སྐར་ཉིན་ཀིརྟིའི་འབྲེལ་ཡོད་སྡེ་བ་རྣམས་མཉམ་འཛོམས་དང་། དགོན་པ་རྣམས་ནས་ནང་ཆོས་ངོ་སྤྲོད། དགོན་པའི་སློབ་གྲྭ་ནང་རྩོམ་ཡིག་དང་ཡིག་གཟུགས་འགྲན་སྡུར་དེ་འདྲ་བྱེད་ཡོད་ལ། དེ་བཞིན་སྡེ་མི་ཚོས་རྒྱན་རྩེད་རྐུ་འཕྲོག་སོགས་མི་བྱེད་པའི་ཁས་ལེན་གྲངས་ཐོ་དེ་འདྲའང་མ་སྐུལ་དྭང་བླངས་ཀྱི་ཐོག་ནས་ཡར་འབྱོར་གྱི་ཡོད་སྐོར་བརྗོད་བྱུང་།
ཀིརྟིའི་དགེ་རྩ་ཚོགས་པ་ཕྱི་ལོ་ ༢༠༠༨ ལོར་དངོས་སུ་བཙུགས་པ་ནས་བཟུང་སྟེ། ཆོལ་ཁ་ཆོས་ལུགས་སོགས་ཀྱི་དབྱེ་བ་མེད་པར་མཐོ་སློབ་འགྲིམས་པར་ཤེས་ཡོན་དང་རེ་འདོད་ཡོད་ཀྱང་སློབ་ཡོན་གྱིས་དཀའ་ངལ་འཕྲད་པའི་སློབ་ཕྲུག་ལ་སློབ་ཡོན་ཐད་རོགས་རམ་དང་། ཉམ་ཐག་ལ་རོགས་རམ། ནད་པར་སྨན་ཡོན་རོགས་རམ་བཅས་རོགས་རམ་རིགས་མི་འདྲ་བ་གསུམ་གནང་བཞིན་ཡོད་འདུག
གསར་འགོད་པ། པདྨ་མཚོ།
ཧ་ཅང་ཡག་པོ་གནང་འདུག་ཡིད་རང་ཡོད།