རྩོམ་པ་པོ། འོད། (ཨུ་རུ་སུ།)
༼ བཀའ་ཤག་དང་སྲིད་སྐྱོང་གིས་སྐུ་ངོ་སྤེན་པ་ཚེ་རིང་ལ་སྐྱོན་ཡོད་མདོག་གིས་གསལ་བཤད་ཅི་ཙམ་གནང་ཡང་། ཁོང་གིས་མ་འཇོན་པ་དེ་འདྲ་གང་ཡང་མ་རེད་སྙམ། གནད་དོན་འདི་ནི་ནང་ཚུན་ལ་ཕྲག་དོག་དང་། གུས་ཞབས་མ་ཞུས་པའི་སྐྱོན་ཆ་ཞིག་རེད། སྐུ་ངོ་སྤེན་པ་ཚེ་རིང་མཆོག་གིས་ངོ་ལོ་ཉི་ཤུ་ལྷག་གི་རིང་ལ་བཙན་བྱོལ་གཞུང་དུ་ཞབས་ཞུ་བསྒྲུབས་ནས་མི་མང་གི་སེམས་ཀྱི་དབུ་ཁྲིད་གལ་ཆེན་ཞིག་ཀྱང་ཆགས་ཡོད། ད་ཐེངས་བཀའ་ཤག་གམ་སྲིད་སྐྱོང་གིས་མཛད་སྤྱོད་འདི་ལྟར་གནང་བ་ནི་ངོ་མས་བློ་ཕམ་གྱི་གནས་རང་རེད། སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ཕྱག་ལས་མང་བོ་གནང་སྟེ། མཛད་རྗེས་བཞག་དང་འཇོག་བཞིན་པ་ཡོངས་གྲགས་རེད། བོད་མིའི་སྒྲིག་འཛུགས་དྲ་བ་རུ་ཡང་དེའི་སྐོར་མང་བོ་བཀོད་ཡོད། ངས་འདིར་དོན་ཚན་བཅུ་འདྲེན་བྱ་རྒྱུ་ཡིན་ལ། འདི་དཔེ་མཚོན་ཙམ་ཡིན། ད་དུང་འདིར་མ་དྲངས་པ་མང་བོ་ཡོད་པ་ཤེས་དགོས། ད་དུང་འདིའི་རྒྱབ་ལྗོངས་གཞན་ཞིག་ཡིན་པ་ངས་ལོགས་སུ་འབྲི་རྒྱུ་ཡིན། ༽
༡༽ འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུངས་གྲངས་ ༨༢ བཞེས་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་དུས་ཆེན་སྔ་སྣུར་ཐོག་སྲུང་བརྩི་གཟབ་རྒྱས་ཞུས་འདུག འདི་འདྲ་ཞིག་སྔར་ཡང་བྱུང་མ་མྱོང་ལ། ཕྱིས་སུའང་འབྱུང་དཀའ་ཞིག་རེད།
༢༽ སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ ༢༠༡༦ ཟླ་བ་ ༡༠ ཚེས་ ༡༣ ནས་ཚེས་ ༢༠ བར་ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་དུ་གཞུང་དོན་ཕྱོགས་བསྐྱོད་གནང་སྟེ། སེར་སྐྱ་མང་ཚོགས་ལ་གསུང་བཤད་དང་། རིས་མེད་ཆོས་བརྒྱུད་ཁག་གི་ཚོས་ཚོགས་དང་། དགོན་སྡེ་གྲ་ཚང་ཁག་ལ་འཚམས་འདྲི་གཟིགས་སྐོར། རྒྱ་རིགས་སློབ་ཕྲུག་ཐུག་འཕྲད། བོད་པའི་ལོ་རྒྱུས་མི་སྣ་མཇལ་འཕྲད། བོད་རིགས་གཞོན་སྐྱེས་མཉམ་བགྲོ་གླེང་སོགས་ཀྱིས་མཚོན་འབྲེལ་ལམ་ཇེ་བཟང་དང་། ལས་དོན་སྣ་མང་གི་སྒོ་མོ་ཆེ་རུ་ཕྱེ་ཡོད།
༣༽ །ཕྱི་ལོ་ ༢༠༡༦ ཟླ་བ་ ༡༠ ཚེས་ ༦ ཉིན་ཨ་རི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇིམ་མེག་གོ་ཝན་མཆོག Jim McGovern གི་ལས་ཁུངས་སུ་བཅར་ཏེ་འཚམས་འདྲི་ཞུས་པ་དང་འབྲེལ་ཁོང་གིས་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མ་ཟད། བོད་དོན་སྐོར་རྒྱལ་ནང་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གླེང་སློང་ཡང་ཡང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག འབྱུང་འགྱུར་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་པར། སྐུ་ཞབས་ཇིམ་མེག་གོ་ཝན་མཆོག་ནས་སྐབས་དེར་དྲང་བདེན་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཁོང་གི་ལས་འགན་ཡིན་པས་འབྱུང་འགྱུར་ཡང་བོད་དོན་དང་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་གསུངས།
༤༽ ༢༠༡༦/༡༠ ནང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་དང་། སེམས་ཁུར་གནང་མཁན་རྒྱ་རིགས་གྲོགས་པོ་རྣམས་ལ་སྣེ་ལེན་གྱི་འདུ་འཛོམས་གྲ་སྒྲིག་གནང་ཡོད། འདུ་འཛོམས་དེར་རྒྱ་རིགས་ཤེས་ཡོན་ཅན་ཝང་ཅུན་ཐའོ་དང་། ཧུ་ཕིང་། འཛམ་གླིང་ཉིན་ཚགས་ཀྱི་རྩོམ་སྒྲིག་པ་ཝེ་པོ་ཀྲོའུ། དགེ་རྒན་ཆེན་མོ་ཤ་མིང་དང་། མཁས་དབང་ཁཱོང་ཀྲེ་ཀྲུང་། སྦོ་ཤུན་དྲྭ་རྒྱའི་རྩོམ་སྒྲིག་པ་ཝེ་ཧྲེ། སྙན་ངག་པ་ཧོང་ཞང་། དཔྱད་གཏམ་པ་གྲན་ཕོ་ཁུང་། རྩོམ་པ་པོ་ཀྲུའུ་ཞོལ་གཡོན། རྒྱ་ནག་བུད་མེད་ཀྱི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ཀྲང་ཅིན། བོད་པའི་གྲོགས་པོ་རྙིང་པ་ཤོལ་ཝེ། ཁྲིམས་རྩོད་པ་ཤང་ཞའོ་ཅི། སྒྱུ་རྩལ་བ་རོང་ཝེ། དེ་བཞིན་རྒྱ་རིགས་སློབ་ཕྲུག་དང་། ནང་པ་བཅས་ནིའུ་ཡོག་དང་། ནིའུ་འཇར་སི་ཁུལ་ནས་ལས་རིགས་འདྲ་མིན་གྱི་རྒྱ་རིགས་བདུན་ཅུ་ལྷག་ཙམ་ལ་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་། རྒྱ་སྐད་རྒྱ་ཡིག་ཤེས་མཁན་བོད་རིགས་སློབ་ཕྲུག་དང་།དོན་གཉེར་ཅན་ཁག་ཅིག་བཅས་ཁྱོན་མི་གྲངས་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་ཡོད།
༥༽ ཨ་རི་སྲིད་འཛིན་གསར་བ་ཁྲི་རུམ་ཕུ་ལ་རྒྱལ་ཁ་ཐོབ་རྗེས། སྔར་ལྟར་སྲིད་གཞུང་གསར་པས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལངས་ཕྱོགས་མུ་མཐུད་རྒྱུན་སྐྱོང་གནང་ཆེད། ཨ་རི་རྒྱལ་ཡོངས་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་བའི་དུས་ཆེན་ Thanksgiving སྔ་རྗེས་སུ་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་མཉམ་རུབ་ཐོག ཨ་རིའི་གྲོས་ཚོགས་གོང་འོག་གི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་གང་མང་དང་མཇལ་འཕྲད་ཞུས་ནས་ཨ་རིའི་སྲིད་གཞུང་གི་ཕྱི་འབྲེལ་སྲིད་བྱུས་འོག་བོད་དོན་ཐོག་རྒྱབ་སྐྱོར་གྱི་ལངས་ཕྱོགས་འཛིན་བཞིན་པ་དེ་དག་སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནལ་ཊམ་མཆོག་གི་དབུ་ཁྲིད་འོག་མུ་མཐུད་རྒྱུན་སྐྱོང་གནང་སྐྱོང་ཡོང་ཆེད་ཞུ་གཏུག་གནང་སྟེ་གྲུབ་འབྲས་བླ་མེད་ཐོབ་ཡོད།
༦༽ ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༧ ཉིན་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ནང་བོད་དོན་ཉན་ཞིབ་གནང་སྐབས། བོད་ནང་གི་བོད་མིའི་ཆོས་དད་འགྲོ་བསྐྱོད་ཀྱི་རང་དབང་། དེ་བཞིན་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུའི་སྲིད་བྱུས་བོད་མིའི་ཐོག་ལག་བསྟར་བྱེད་ནས་དམ་བསྒྲགས་ཤུགས་ཆེ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་སྲིད་འཛིན་རིམ་བྱོན་དང་མཇལ་འཕྲད་མཛད་སྐབས་ཚང་མས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བའི་བྱུང་རིམ་དང་བཅས་ཨ་རིའི་སྲིད་གཞུང་གསར་པར་འབོད་སྐུལ་དོན་ཚན་གསར་ཁག་ཅིག་ཞུས་པ་ལྟར་རྒྱབ་སྐྱོར་ཆེན་ཡོད།
༧༽ ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gere མཆོག་དང་། ཚོགས་གཙོ་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་ Matteo Mecacci མཆོག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་ཨ་རིའི་སྲིད་གཞུང་འཕོ་འགྱུར་ཕྱིན་པའི་ཆབ་སྲིད་ཀྱི་ཁོར་ཡུག་གསར་པའི་བགྲོས་དང་བསྟུན། ཨ་རིའི་སྲིད་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་སྔར་བཞིན་སྲ་བརྟན་རྒྱུན་སྐྱོང་ཡོང་རྒྱུར་གཙོ་བོར་དམིགས་ནས་གྲོས་ཚོགས་གོང་འོག་ཀྱི་འབྲེལ་ཡོད་འཐུས་མི་རྣམས་དང་མཇལ་འཕྲད་ཞུས་ཏེ་ཞུ་གཏུག་གི་ལས་འགུལ་སྤེལ་པ།
༨༽ ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༦ ཉིན་སྔ་དྲོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gereམཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དྲུག་དང་མཇལ་འཕྲད་གནང་འདུག ཚོགས་ཆུང་གི་ཚོགས་མི་རྣམས་ནི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེཐིའུ་མེ་ཁ་ཅི་ Matteo Mecacci ལགས། འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། ལས་འཆར་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་ཚེ་རིང་བཀྲ་ཤིས་ལགས་བཅས་ཡིན་འདུག ཕྱོགས་མཚུངས་སྐུ་ཚབ་ཚོགས་ཆུང་གིས་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧེ་རོལ་རོ་ཇར་སི་ Harold Rogers མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ནི་ཏ་ལོ་ཝེ་ Nita Lowey མཆོག སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་ Betty Mc Collum མཆོག་བཅས་དང་མཇལ་འཕྲད་གནང་འདུག སྐབས་དེར་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམ་པས་ཕྱི་ལོ་ ༢༠༡༧ ལོའི་བོད་དོན་རྒྱབ་སྐྱོར་གྱི་ལས་འཆར་ཁག་མུ་མཐུད་འགྲོ་ཐུབ་རྒྱུར་འབད་བརྩོན་གནང་རྒྱུའི་ཁས་ལེན་གནང་འདུག
༩༽ ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༧ དང་ ༢༨ བཅས་ཉིན་གྲངས་གཉིས་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gere མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཨ་རིའི་གྲོས་ཚོགས་ཀྱི་ལས་ཁུངས་ཁག་ལ་བཅར་ནས་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ལ་བོད་དོན་རྒྱབ་སྐྱོར་གྱི་ཞུ་གཏུག་ལས་འགུལ་རྒྱ་ཆེ་སྤེལ་འདུག ལྷག་པར་ད་ལྟའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊོམ་མཆོག་གི་སྲིད་གཞུང་ནས་འཆར་ལོའི་སྔོན་རྩིས་ནང་བཙན་བྱོལ་བོད་མིའི་ལས་འཆར་དང་འབྲེལ་བའི་རོགས་དངུལ་ཀླད་ཀོར་ཀྱི་སྲིད་བྱུས་གཏན་འབེབས་གནང་འཆར་ལ་བསྐྱར་ཞིབ་གནང་ནས་དེ་སྔ་ལྟར་བོད་མི་ཚོའི་ལས་འཆར་ཐོག་རོགས་དངུལ་མུ་མཐུད་སྐྱབས་འཇུག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་པ་མ་ཟད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་རྒྱུ་དང་། གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ཨར་རྒྱ་ཡུལ་གཉིས་གོ་སྐབས་བརྗེ་ལེན་གྱི་སྲིད་བྱུས་འོག་བོད་ནང་ཨ་རིའི་གཞུང་འབྲེལ་མི་སྣ་དང་། རང་དབང་ཅན་གྱི་གསར་འགྱུར་ཚན་པ། དེ་བཞིན་ཨ་རིའི་ཡུལ་མི་སོགས་རང་དབང་ཐོག་ནས་བསྐྱོད་ཆོག་པའི་གྲོས་འཆར་བཏོན་ཟིན་པ་ལྟར་གཞུང་འབྲེལ་གྲོས་ཆོད་དུ་གཏན་འབེབས་གནང་ཆེད་ཞུ་གཏུག་གི་ལས་འགུལ་རྒྱ་ཆེ་སྤེལ་འདུག
༡༠ ༽ ཕྱི་༢༠༡༧ ཟླ་ ༥ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ནིན་སི་པོལ་སི་ལགས་ཀྱི་དབུས་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆབ་སྲིད་མི་སྣ་བརྒྱད་དྷ་རམ་ས་ལར་བཅར་ཏེ། ༧གོང་ས་མཆོག་དང་མཇལ་འཕྲད་གནང་ནས་བོད་དོན་རྒྱབ་སྐྱོར་བླ་ན་མེད་པ་ཐོབ་ཡོད་ལ། དེས་རྒྱ་ནག་ལའང་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད།