དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་དགོངས་པར་སྒྲོ་སྐུར་ཞུས་པ།

རྩིབས་རི་རྒོད་ཕྲུག

ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་ཉེ་ཆར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུ་སྐབས་༧གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་པར་བཀའ་ལན་གནང་བ་ཁག་ལ་གསལ་བཤད་ལན་འདེབས་བྱས་ཡོད།

གནད་ཚིག། དགོངས་གཞི། ནང་ཆོས། ཁྱབ་སྤེལ། ཆོས་ལུགས་མཐུན་སྒྲིལ། སྒྲོ་སྐུར།

ངོ་སྤྲོད།

ཉེ་ཆར་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༠ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་བསམ་བློའི་བང་མཛོད་ཅེས་པའི་བསྟི་གནས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཡང་སྲིད་ལམ་ལུགས་དང་ཆོས་དད་རང་དབང་གི་གལ་གནད་(Reincarnation in Tibetan Buddhism: The Importance of Religious Freedom) ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང། གསུང་བཤད་དེ་ལས་འཕྲོས་ཏེ་བཀའ་འདྲི་ཞུ་སྐབས་སྲིད་སྐྱོང་མཆོག་གིས་ནམ་རྒྱུན་༧གོང་ས་མཆོག་ལ་དགོངས་གཞི་དྲུག་ཡོད་པ་གསུངས་ཏེ་༧གོང་ས་མཆོག་གི་དགོངས་གཞི་ངོ་མ་གང་ཡིན་ལ་འཁྲུལ་གཞི་ཆེན་པོ་བཟོས་ཡོད། དོན་དངོས་ཐོག་ནམ་རྒྱུན་ཡོངས་གྲགས་སུ་༧གོང་ས་མཆོག་ནས་གསུང་བཞིན་པའི་དགོངས་གཞི་འམ་ཐུགས་འགན་བཞི་ཡོད་པ་དེ་དག་ངོ་སྤྲོད་གནང་ན་ཆོག་མོད། དེ་ལས་ལྡོག་སྟེ་མཁས་ཉམས་སྟོན་ཆེད་དེ་དང་མི་མཐུན་པ་ཞིག་གསུངས་པ་དེས། མི་རྣམས་ཀྱི་སེམས་ལ་ཡང་སྙིང་༧གོང་ས་མཆོག་ཞལ་ཞེ་མི་མཚུངས་པ་ཞིག་ཡིན་པའི་དོགས་པའི་ས་བོན་བསྐྲུན་ཡོད། སྤྱིར་སེམས་ཅན་གྱི་འགྲོ་དོན་སླད་༧གོང་ས་མཆོག་གི་དགོངས་གཞི་ལ་མཐའ་མེད་ཀྱང། དུས་རྒྱུན་ཡོངས་གྲགས་གསུང་བཞིན་པའི་དགོངས་གཞི་འམ་ཐུགས་འགན་བཞི་ཡོད་པ་དེ་དང་མཐུན་པར་གསུངས་ན་མང་ཚོགས་ནང་འཁྲུལ་གཞི་གང་ཡང་ཡོང་དོན་མེད། ཅི་སྟེ་༧གོང་ས་མཆོག་ལ་དགོངས་གཞི་མང་པོ་ཡོད་ཚུལ་མཁས་ཉམས་སྟོན་དགོས་ན། ༧གོང་ས་མཆོག་གིས་རྒྱུན་ལྡན་བཀའ་གནང་བཞིན་པའི་ཐུགས་འགན་བཞིའི་སྐོར་འགྲེལ་བཤད་གནང་ན་འགྲིགས། དེ་དག་དང་འགལ་བ་ལྟག་སྤྲོད་ཀྱི་གསུང་ལན་གནང་བ་ནི། འཇིག་རྟེན་ཁ་དཔེར་བསྟོད་མི་ཤེས་པས་བསྟོད་པ་ལས། སྨད་ཤེས་པ་ཞིག་གིས་སྨད་ན་དགའ་ཟེར་བ་ལྟར་ཆགས་འདུག དེས་ན་གཤམ་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གང་གསུངས་ཡོད་པ་དང། དོན་དངོས་དེ་ལྟར་མིན་པ་ས་བཅད་གཉིས་སུ་ཕྱེ་ནས་བརྗོད་རྒྱུ་ཡིན།

༡༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་དང། དོན་དངོས་དེ་ལྟར་མིན་པ།

སྤྱིར་དཔལ་ལྡན་སྲིད་སྐྱོང་མཆོག་གི་མཚན་བསྟོད་ལ་མཁས་དབང་ཞེས་ཀུན་གྱིས་བརྗོད་མུས་ལྟར་ཆབ་སྲིད་དང་རིག་གནས་ཀྱི་གོ་རྟོགས་ཅི་ཆེ་ཡོད་ན་ཡང་། ཁ་བདེ་བྱིའུ་ཆུང་ཕྲ་མོ་དེས། དོན་མ་མཁས་སྒོ་ང་ལམ་ལ་བཞག །ཅེས་པ་ལྟར་སྐབས་དེའི་གསུང་བཤད་དང་འབྲེལ་བའི་བཅར་འདྲིའི་ནང་འདི་ལྟར་གསུངས་ཡོད་དེ། “Normally His Holiness always has plan A, B, C, D, E, F,) A is rebuild monastery in India. B is particularly rebuild monastery in Himalayan area belt.  C is spread Buddhism all over the world, Buddha came but he could not travel all five continents. His holiness did, and set Buddhist center all over the world. D is revival Buddhism in Tibet. (E) Revival Buddhism in China. F is revival Buddhism in India”ཞེས་གསུངས་ཡོད། དེའི་དོན་ནི་བོད་སྐད་དུ། ༧གོང་ས་མཆོག་ལ་ནམ་རྒྱུན་དགོངས་གཞི་འམ་འཆར་གཞི་ཆེན་པོ་དྲུག་ཡོད་པ་སྟེ། དང་པོ། བཙན་བྱོལ་ནང་དགོན་སྡེ་ཁག་བསྐྱར་གསོ་གནང་རྒྱུ། གཉིས་པ། དམིགས་བསལ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་དགོན་སྡེ་ཁག་བསྐྱར་བཟོ་གནང་རྒྱུ། གསུམ་པ། ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གནང་རྒྱུ། དེ་ཡང་བདག་ཅག་གི་སྟོན་པ་བྱོན་རུང་གླིང་ཆེན་ལྔའི་ནང་ཕེབས་ཐུབ་མེད་པ་དང། ༧གོང་ས་མཆོག་ཕེབས་ཐུབ་པ་མ་ཟད། ནང་པའི་ཆོས་ཀྱི་བསྟི་གནས་མང་པོ་ཞིག་ཀྱང་འཛམ་གླིང་གང་སར་ཕྱག་འདེབས་ཐུབ་པ་བྱུང་ཡོད། བཞི་པ།༽ བོད་དུ་ནང་ཆོས་བསྐྱར་གསོ་གནང་རྒྱུ། ལྔ་པ།༽ རྒྱ་ནག་ཏུ་ནང་ཆོས་བསྐྱར་གསོ་གནང་རྒྱུ། དྲུག་པ།༽རྒྱ་གར་དུ་ནང་ཆོས་བསྐྱར་གསོ་གནང་རྒྱུ་བཅས་ཡིན་པར་གསུངས་ཡོད།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་ཀྱི་ཐོག་མར་ནམ་རྒྱུན་ཞེས་གསུངས་པ་དེ་ནས་དགོངས་གཞི་དེ་དག་རྒྱུན་ལྡན་ནས་༸གོང་ས་མཆོག་གིས་གསུང་བཞིན་པ་ཞིག་ཡིན་པའི་གོ་བ་སྟེར་མོད། འོན་ཀྱང་འདས་པའི་མི་ལོ་ཉི་ཤུར་ཉེ་བའི་རིང་༧གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་པའི་སྐལ་ལྡན་དུ་གྱུར་པའི་གུས་པར་མཚོན་ན། དེ་ལྟ་བུའི་དགོངས་གཞི་ཞིག་༧གོང་ས་མཆོག་གི་ཞལ་ནས་གསུངས་པ་ནམ་ཡང་ཐོས་མ་མྱོང་ལ། ཁོང་གིས་མཛད་པའི་ཕྱག་དེབ་མི་ཉུང་བ་ཞིག་མཇལ་མྱོང་བ་ལས་ཀྱང་བཙལ་རྙེད་མ་བྱུང་བས་འདི་ནི་ཕལ་ཆེར་གཞན་ལ་ཡང་དེ་མཚུངས་ཡིན་སྲིད། དེས་ན་ནམ་རྒྱུན་ཞེས་པ་དེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རང་བཟོ་བྱས་པ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ།

ཅི་སྟེ་གུས་པས་མ་མཐོང་བ་དང་མ་ཐོས་པ་དེ་ལས་བསོད་དམན་སྟོབས་ཀྱིས་ཡིན་པར་སྨྲ་སྲིད་མོད། འོན་ཀྱང་༧གོང་ས་མཆོག་གི་བཀའ་སློབ་ཕྱོགས་བསྒྲིགས་གནང་བ་ཁག་དང། ཁོང་གིས་མཛད་པའི་གསུང་རྩོམ་ཁག་ཏུའང་དེ་ལྟར་མ་གསལ་བ་གཞན་ལ་ཡང་དེ་མཚུངས་ཡིན་པའི་རྒྱུ་མཚན་ཇི་ལྟར་འགྲེལ། དེས་ན་སྲིད་སྐྱོང་མཆོག་གིས་ནམ་རྒྱུན་ཞེས་པའི་ཚིག་སྦྱར་བ་དེས་དོན་ལ་དགོངས་གཞི་དེ་དག་༧གོང་ས་མཆོག་གིས་དུས་རྒྱུན་ནས་གསུང་བཞིན་པའི་རྣམ་པ་ཞིག་སྟོན་བཞིན་ཡོད་མོད། དོན་ལ་ནམ་རྒྱུན་ནས་དེ་འདྲ་ཞིག་གསུང་གི་མེད་པ་གོང་ཞུས་རྒྱུ་མཚན་དེ་དག་ལས་ཤེས་ཐུབ།

དེས་ན་གནད་དོན་འདིའི་ཐོག་ནས་ཡང་སྙིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་ལ་ཡོངས་གྲགས་དགོངས་གཞི་བཞི་ཡོད་པ་དེ་དག་སྒྲུབ་ཐབས་སུ་ཆར་པ་ཆུ་གྲོགས་དང། ཉི་མ་མེ་གྲོགས་ཀྱི་དཔེ་ལྟར་གཡས་སྐྱོར་གཡོན་འདེགས་གནང་གི་ཡོད་པ་རེད་དམ། ཡང་ན་རྒྱལ་སྤྱིའི་མང་ཚོགས་རྣམས་༸གོང་ས་མཆོག་གི་དགོངས་གཞིར་འཁྲུལ་གཞི་བཟོ་ཡི་ཡོད་དམ།  དེ་མིན་ན་༸གོང་ས་མཆོག་ཞལ་ཞེ་མི་མཐུན་པར་བཟོས་ཏེ་རྒྱ་གཞུང་གིས་དབུ་མའི་ལམ་ལ་ཕྱེད་རང་བཙན་དང་རྣམ་པར་འགྱུར་པའི་རང་བཙན་སོགས་མི་བདེན་རྫུན་སྒྲིག་བྱས་དང་བྱེད་བཞིན་པ་དག་ལ་ཁུངས་སྣེ་ཞིག་སྤྲོད་ཨེ་ཐུབ་ལྟ་བཞིན་ཡོད་དམ། སྤྱིར་བཏང་བྱས་ན་འདི་ལྟ་བུའི་གནད་འགག་ནི་ཆབ་སྲིད་གོ་རྟོགས་དམན་པའི་གནག་རྫིས་ཀྱང་རྟོགས་སླ་མོད། བོད་ཀྱི་སྲིད་སྐྱོང་གི་མཚན་འཁུར་ཅིང། ཆབ་སྲིད་མཁས་པར་ཁས་ཆེ་བའི་ཞལ་ནས་ཐོན་པ་ནི། ཁ་དཔེར། གཏམ་བདེན་པ་ཁུ་བྱུག་གསུང་དང་འདྲ། །དེ་གྲགས་ཚེ་དུད་འགྲོ་ཡིན་ཀྱང་མགུ། གཏམ་རྫུན་པ་འུག་པའི་གད་མོ་འདྲ། །སུ་ཡིན་ཀྱང་རྣ་བས་ཉན་འདོད་མེད། །ཅེས་པ་ལྟར་ཕལ་པའི་སྐྱེ་བོ་རྣམས་ཀྱང་ཁྲེལ་བའི་གཞི་ལས་མ་འདས་སོ། །

ཡང་ན་ནམ་རྒྱུན་ཞེས་པའི་ཚིག་དེའི་གོ་བ་དེ་ལྟར་མིན་པར། སྲིད་སྐྱོང་རང་ཉིད་སྒེར་ལ་ནམ་རྒྱུན་ནས་༧གོང་ས་མཆོག་གིས་གསུང་བཞིན་པའི་དོན་ཡིན་ཞེ་ན། དེ་ཡང་མི་བདེན་ཏེ། ༧གོང་ས་མཆོག་ནམ་ཡང་ཕྱི་གསལ་ནང་གསལ་གནང་མཁན་ཞིག་ཡིན་པ་ཡོངས་གྲགས་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ ཉིན་ཨ་རིའི་དོན་ཁང་ནས་༸གོང་ས་མཆོག་གདན་ཞུས་ཀྱིས་(Madison,Deer Park)ཞེས་པར་བོད་པའི་གཞོན་སྐྱེས་རྣམས་ལ་ལམ་སྟོན་བཀའ་སློབ་དང་བཀའ་འདྲི་ཁག་གི་བཀའ་ལན་གནང་སྐབས། བོད་པའི་གཞོན་སྐྱེས་ཤིག་གིས་སྐབས་དེའི་གྲོས་ཚོགས་ནང་གླེང་སློང་བྱུང་བ་ཞིག་དང་འབྲེལ་ནས་བཀའ་འདྲི་ཞུ་སྐབས། “་ངས་ཁ་ནས་རང་སྐྱོང་མ་གཏོགས་སེམས་གཏིང་ནས་རང་བཙན་རྩོད་ཀྱི་ཡོད་པ་རེད་”ཅེས་པ་དེས་ང་ཁྲམ་པ་(མ་བིང།)བཟོ་ཡི་ཡོད་པ་རེད། “ངས་འཛམ་བུ་གླིང་གི་མི་སུ་ལ་སྐད་ཆ་བཤད་ཀྱང་དྲང་པོ་དྲང་བཞག་ཕྱི་གསལ་ནང་གསལ་བྱེད་དགོས་རེད་ཅེས་རྟག་པར་བཤད་སྡོད་ཀྱི་ཡོད།” ཅེས་འུ་ཐུག་ཐབས་ཟད་ཀྱིས་བཀའ་དེ་འདྲ་ཞིག་གནང་དགོས་བྱུང་ཡོད་ལ། ད་དུང་བཀའ་དེ་འདྲ་ཞིག་མ་གནང་ཀ་མེད་བཟོ་འདོད་འདུག་གམ། དེ་མིན་ན་ད་དུང་མི་བདེན་རྫུན་སྒྲིག་གིས་རང་ཉིད་སྒེར་ལ་བཀའ་དེ་འདྲ་ཞིག་གནང་བ་ཉིན་མོ་ལྟ་ཅི་མཚན་མོའི་རྨི་ལམ་དུ་ཡང་འཁོར་མི་སྲིད་པ་ཞིག་གོ །

ཡང་མིན་ན་ནམ་རྒྱུན་ཞེས་པ་༧གོང་ས་མཆོག་གིས་ཞལ་ནས་མ་གསུངས་ཀྱང་། དུས་རྒྱུན་གྱི་དགོངས་པ་བཞེས་སྟངས་དང་མཛད་པ་འཕྲིན་ལས་སྐྱོང་སྟངས་ལ་གཞིགས་ནས་དེ་ལྟར་གསུངས་པ་ཡིན་ཟེར་ན། དེ་ཡང་མི་འཐད་དེ། དེ་ལྟར་ན་དགོངས་གཞི་དྲུག་ཅེས་ངེས་བཟུང་མཛད་པ་ལ་དགོས་པ་མེད་དེ། དགོངས་གཞི་དྲུག་གིས་མ་ཚད་བརྒྱ་ཕྲག་ཡོད་པ་སུས་ཀྱང་བསྙོན་དུ་མེད། དེའི་རྒྱུ་མཚན་ནི་༧གོང་ས་མཆོག་གིས་ལམ་སྟོན་བཀའ་སློབ་ཕེབས་དོན་ལྟར། གལ་ཆེ་ལ་རྣམ་གྲངས་མང་བའི་ཕྱག་ལས་གྲངས་མེད་པ་ཞིག་ཐོག་མའི་དགོངས་གཞི་ལྟར་ལེགས་གྲུབ་བྱུང་ཡོད་པ་བལྟས་ན་མཐོང་རྒྱུ་ཡོད་པ་དང་ཉན་ན་གོ་རྒྱུ་ཡོད་པའི་ཕྱིར། དེའི་དཔེ་མཚོན་ཆུང་ཆུང་ཞིག་ཞུས་ན་བོད་མིའི་སྒྲིག་འཛུགས་འདི་དང། སློབ་གྲྭ་ཁག་ཀྱང་༧གོང་ས་མཆོག་གི་ཐོག་མའི་དགོངས་གཞིའི་གྲས་ཡིན་པ་ཀུན་གྱིས་མཁྱེན་གསལ་མ་རེད་དམ། དེས་ན་འདི་དག་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་གི་དགོངས་གཞིའི་གྲས་སུ་བགྲང་དགོས་ཚོད་ལ་གལ་ཆེ་བ་འདི་དག་དོར་ཏེ་དྲུག་ཅེས་ངེས་བཟུང་མཛད་པ་ལ་དགོས་པ་ལྷག་པོ་ཅི་ཡང་མེད་པས། དེ་ནི་མི་འཐད་དོ། །

ཅི་སྟེ་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་དགོངས་གཞི་ཡིན་པར་གསུངས་པ་དེ་དག་ལས་གཞན་རྣམས་༧གོང་ས་མཆོག་གི་དགོངས་གཞི་ཡིན་པར་གསུངས་ཀྱང་དེ་ཙམ་ཐལ་མི་ཆེ་མོད། དོན་ཚན་གསུམ་པ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་པར་གསུངས་པ་ནི། ཤིན་ཏུ་ནས་མི་འོས་པ་ཆེན་པོ་སྟེ། ༸གོང་ས་མཆོག་གིས་དགོངས་པ་བཞེས་ཕྱོགས་དང་རྦད་དེ་རྒྱབ་འགལ་དུ་གྱུར་ཡོད་པས། དེ་ནི་མཁས་པས་འཕྱུགས་ན་འདོམ་གང་དང། བླུན་པོས་འཕྱུགས་ན་མཐོ་གང་ཞེས་པ་ལྟར་ཆགས་སྟབས། ཟླ་འདིའི་ཚེས་འགོར་གྲུབ་མ་ཐག་པའི་ཐེ་ཝན་གསུང་ཆོས་ཉིན་དང་པོའི་ཆོས་བཤད་སྐབས། ༸གོང་ས་མཆོག་ནས་“ངས་ནང་པའི་ཆོས་སྤེལ་གྱི་མེད་”ཅེས་སླར་ཡང་བཀའ་བསྩལ་ཡོད།

དེར་བརྟེན་གནད་དོན་འདི་ཚོའི་ཐོག་ནས་བལྟས་ཡོང་དུས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་ལྟ་ཅི། མཛད་དཀའ་བཟོ་ཡི་ཡོད་པ་གསལ་པོར་མཐོང་ཐུབ་པས། ཕྱིན་ཆད་རྒྱབ་ཀྱི་ལྷགས་པ་འགོག་མ་ཐུབ་ན་ཡང་། མདུན་གྱི་ཉི་མ་མ་འགོག་ཅེས་པ་གདམས་ངག་ཏུ་མཁྱེན་དགོས་པ་གནད་དུ་མཐོང་ངོ་། །

༢༽ ནང་ཆོས་འཛམ་གླིང་ལ་སྤེལ་རྒྱུ་དེ་༸གོང་ས་མཆོག་གི་དགོངས་པ་གཏན་ནས་མིན་པ།

སྤྱིར་སྐྱེ་བོ་ཕལ་པས་༸གོང་ས་མཆོག་གི་དགོངས་པ་ཟབ་པ་དང་རྒྱ་ཆེ་བ་དག་བློའི་གཞལ་བྱའི་ཡུལ་ལས་འདས་མོད། ཁོང་གིས་ལམ་སྟོན་བཀའ་སློབ་གནང་བ་ཁག་ཡང་ནས་བསྐྱར་དུ་གསན་པ་དང། ཁོང་གི་མཛད་དེབ་ཁག་ཡང་ཡང་མཇལ་མཁན་ཞིག་ཡིན་ན། ཁོང་གི་དགོངས་པ་མཐིལ་ཕྱིན་པ་མ་རྟོགས་རུང་། དགོངས་པ་བཞེས་ཕྱོགས་ཇི་འདྲ་ཞིག་ཡིན་མིན་ལ་ཚོད་དཔག་བྱེད་ཐུབ། ལྷག་པར་དུ་དཔལ་ལྡན་སྲིད་སྐྱོང་ལྟ་བུར་མཚོན་ན་མཚན་གནས་རྗེས་འབྲེལ་གྱིས་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་ཡང་ཡང་ལྡན་མཁན་ཞིག་ཡིན་པས། ༸གོང་ས་མཆོག་གི་དགོངས་པར་གཞན་ལས་མཁྱེན་རྒྱ་ཟབ་པ་དང། གོ་རྟོགས་ཆེ་བ་ཡོང་དགོས་ཚོད་རེད།  འོན་ཀྱང་བཅར་འདྲིའི་སྐབས། “The plan C is spread Buddhism all over the world. Buddha came but he could not travel all five continents. His holiness did. And set Buddhist centre all over the world” ཞེས་གསུངས་ཡོད་ཅིང་། འདིའི་དོན་ནི་བོད་སྐད་དུ། ༸གོང་ས་མཆོག་གི་དགོངས་གཞི་གསུམ་པ་དེ། ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ་དེ་རེད། དེ་ཡང་བདག་ཅག་གི་སྟོན་པ་བྱོན་རུང་གླིང་ཆེན་ལྔའི་ནང་ཕེབས་ཐུབ་མེད་པ་དང། ༧གོང་ས་མཆོག་ཕེབས་ཐུབ་པ་བྱུང་ཡོད་ལ། ནང་པའི་ཆོས་ཀྱི་བསྟི་གནས་མང་པོ་ཞིག་ཀྱང་འཛམ་གླིང་གང་སར་ཕྱག་འདེབས་ཐུབ་པ་བྱུང་ཡོད་ཅེས་བཀའ་ལན་གནང་ཡོད། འདིའི་ཐོག་ནས་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་སྐུ་མདུན་དུ་ག་ཚོད་བཅར་རུང་།  བཅར་གོ་མ་ཆོད་པ་དང། མི་གོ་མ་ཆོད་པ་ལྟ་བུར་གྱུར་མི་འདུག་གམ།

 

དེའི་རྒྱུ་མཚན་ནི་ཧ་ཅང་གསལ་པོ་ཡིན་ཏེ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། ཤ་༡༣ ལས། “སྤྱིར་ཡུལ་ལུང་སོ་སོར་གནའ་རབས་ནས་ཡོད་པའི་རང་གི་ཆོས་ལུགས་དེ་རང་ཉིད་ལ་འཚམ་ཤོས་ཡིན་པས་ཆོས་ལུགས་གཞན་དུ་བསྒྱུར་ན་སྒེར་རང་ཉིད་ལ་དཀའ་ངལ་འཕྲད་ཉེན་ཆེ་བ་དང། སྤྱི་ཚོགས་ནང་ཆོས་ལུགས་མཐུན་སྒྲིལ་ལའང་གནོད་གཞིར་འགྱུར་སྲིད་པར་བརྟེན། ཆོས་ལུགས་གཞན་གྱི་རྗེས་འཇུག་པ་སངས་རྒྱས་པའི་ཆོས་པར་བསྒྱུར་སྙམ་པའི་སངས་རྒྱས་པའི་ཆོས་ཁྱབ་སྤེལ་གྱི་བསམ་བློ་གཏན་ནས་གཏོང་མི་འོས་”ཞེས་བཀའ་གསལ་པོ་སྩལ་འདུག་པས་སོ། །དེས་ན་གནད་དོན་འདིའི་ཐོག་ནས་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་དགོངས་གཞིའི་ཁ་ཕྱོགས་ཙམ་ཡང་མི་མཐུན་པར་ལྡོག་སྟེ་སྨྲས་པ་ནི་ཀུན་སློང་ངན་པས་མིན་ན། གཞན་ལ་གདོང་པ་སྟོན་པར་ཡང་ངོ་ཚ་ཁ་སྐྱེངས་དགོས་པ་ཞིག་ཆགས་འདུག

 

གལ་ཏེ་སྲིད་སྐྱོང་མཆོག་ལ་༸གོང་ས་མཆོག་གིས་གསུངས་པ་དེ་དག་ཞལ་ཙམ་མ་གཏོགས་ཐུགས་ལ་ནང་ཆོས་ཁྱབ་སྤེལ་གཏོང་རྒྱུའི་དགོངས་གཞི་དེ་འདྲ་ཞིག་མེད་དམ་སྙམ་པ་རང་ཉིད་ལ་དོགས་པ་ཡོད་དབང་གིས་བཀའ་ལན་དེ་འདྲ་ཞིག་གནང་བ་ཡིན་ཞེ་ན། འདི་དྲི་བར་བྱ་སྟེ། དེང་གི་དུས་ཚོད་དང་ཆོས་ལུགས་ཀྱི་འབྲེལ་བ་ (The Relevance of Religion in Modern Times) ཞེས་པའི་བརྗོད་གཞིའི་ཐོག་༸གོང་ས་མཆོག་ནས། “One Christian father asked me about emptiness, voidness, and I told him this is not good for him. If I teach complete interdependence, this might harm his strong faith in God. So it is better for such people not to listen to talk about voidness”ཞེས་གསུངས་ཡོད་ཅིང་། འདིའི་དོན་ནི་བོད་སྐད་དུ། ཐེངས་ཤིག་ཡེ་ཤུའི་ཆོས་པ་ཞིག་གིས་ངོས་ལ་སྟོང་པ་ཉིད་ཀྱི་སྐོར་ལ་སྐད་ཆ་དྲིས་བྱུང་། ངོས་ནས་ཁོང་ལ་དེའི་སྐོར་ནི་ཁྱེད་རང་ལ་འོས་འཚམས་ཤིག་མིན་པར་འགྲེལ་བརྗོད་བྱས་པ་ཡིན། ངོས་ནས་གལ་ཏེ་ཁོང་ལ་རྟེན་འབྲེལ་གྱི་རྣམ་བཞག་སྐོར་འགྲེལ་བརྗོད་བྱས་ཚེ། ཁོང་ལ་ཡོད་པའི་དཀོན་མཆོག་ལ་དད་པ་རྩེ་གཅིག་པ་དེར་གནོད་ཉེན་ཡོད། དེར་བརྟེན་ཁོང་དང་འདྲ་བ་ཚོས་སྟོང་ཉིད་སྐོར་མ་ཉན་ན་ཡག་ཤོས་རེད་ཅེས་བཀའ་གནང་བར་གསུངས་ཡོད། གནད་དོན་འདིིའི་ཐོག་ནས་གལ་ཏེ་༸གོང་ས་མཆོག་ལ་ནང་ཆོས་སྤེལ་རྒྱུའི་ཐུགས་འདོད་ཡོད་ཚེ། ཡེ་ཤུའི་ཆོས་པ་དེར་སྟོང་ཉིད་སྐོར་འགྲེལ་བརྗོད་མ་གནང་བར། ཁོང་གི་དད་པ་རང་སོར་གནས་ཐབས་གནང་དོན་གང་ཡིན་ནམ། འདི་ལ་སྲིད་སྐྱོང་མཆོག་ནས་ལན་འདེབས་ཇི་ལྟར་བྱེད།

དེས་ན་གནད་དོན་འདི་ཚོའི་ཐོག་ནས་སྲིད་སྐྱོང་མཆོག་གིས་གསུངས་པ་དེ་ནི་༸གོང་ས་མཆོག་གི་དགོངས་གཞི་དང་རྩ་བ་ཉིད་ནས་མི་མཐུན་པར། བཀའ་ལ་ལོག་འགྲེལ་ཆགས་ཡོད། ༸གོང་ས་མཆོག་ནས་ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ་ལྟ་ཅི། མི་གཅིག་ལ་ཡང་སྤེལ་ཐབས་གནང་གི་མེད་ཅིང། ཐ་ན་ནང་ཆོས་ཡག་ཤོས་ཡིན་ཚུལ་ཙམ་ཡང་བཀའ་གནང་གི་མེད་དེ། ཤེས་བྱ། ཤ་༢༠ པར། “སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མིན་སོ་སོའི་ཁམས་དང་མོས་པར་འཚམ་དང་མ་འཚམ་ཐོག་ནས་བསམ་བློ་གཏོང་དགོས་རེད་མ་གཏོགས་ངོས་ཀྱིས་འཛམ་གླིང་འདིའི་སྟེང་ཆོས་དད་མེད་མཁན་ཚོར་ཆོས་བྱེད་དགོས་ཞེས་བརྗོད་ཀྱི་མེད། ཆོས་ཀྱི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་འདི་ཡག་ཤོས་རེད་ཅེས་རྩ་བ་ནས་ཟེར་གྱི་མེད་”ཅེས་བཀའ་སྩལ་བ་ལས་༸གོང་ས་མཆོག་ནི་ཆོས་ལུགས་མཐུན་སྒྲིལ་ཐོག་ཞལ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་ཡིན་པ་ཉི་ཤར་སྦར་མོས་ཁེབས་མི་ཐུབ་པ་ལྟར་མ་ཡིན་ནམ།

༸གོང་ས་མཆོག་ནས་འགྲོ་བ་མིའི་བསམ་བློའི་རང་དབང་དང་སོ་སོའི་ཁམས་མོས་ལ་གཙིགས་ཆེར་འཛིན་པའི་དགོངས་གཞིའི་འོག་ནང་པ་མིན་པ་ཚོར་ནང་ཆོས་སྤེལ་ཐབས་གནང་གི་མེད་པ་མ་ཟད། གཞན་གྱི་ཆོས་ལུགས་སྤེལ་མཁན་ཚོ་ལ་ཡངདེ་མཚུངས་ལམ་སྟོན་གནང་གི་ཡོད། དེ་ཡང་དེང་གི་དུས་ཚོད་དང་ཆོས་ལུགས་ཀྱི་འབྲེལ་བ་ (The Relevance of Religion in Modern Times ) ཞེས་པའི་བརྗོད་གཞིའི་ཐོག་༸གོང་ས་མཆོག་ནས། “In Mongolia, missionaries pay people $15 to convert to Christianity. So some people go to them and convert each year, over and again, just to collect $15 each time! I advise these missionaries not to interfere and to let people there stay traditional Buddhists. This is the same as when I tell Western people to keep their own religions”ཞེས་གསུངས་ཡོད་ཅིང། འདིའི་དོན་ནི་བོད་སྐད་དུ། སོག་པོར་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་ཡེ་ཤུའི་ཆོས་ལ་ཞུགས་ན་ཨ་སྒོར་བཅོ་ལྔ་རེ་སྤྲད་པ་རེད། དེར་བརྟེན་མི་ཁ་ཤས་ཀྱིས་དངུལ་དེའི་ཆེད་དུ་ཡེ་ཤུའི་ཆོས་ལ་ལོ་རེར་ཐེངས་རེ་འཛུལ་ཞུགས་བྱས་ཡོད། ངས་ཡེ་ཤུའི་ཆོས་སྤེལ་མཁན་ཚོར་ཁོ་ཚོ་ཕ་མེས་ཀྱི་ཆོས་བྱེད་པར་ཐེ་བྱུས་མ་བྱེད་ཅེས་བརྗོད་རྒྱུ་བྱུང་། འདི་གཅིག་མཚུངས་ངས་ནུབ་ཕྱོགས་པ་རྣམས་ལ་ཡང་སོ་སོའི་ཕ་མེས་ཀྱི་ཆོས་བྱེད་དགོས་ཚུལ་བརྗོད་ཀྱི་ཡོད་ཅེས་གསུངས་པ་ལས། ཆོས་ལུགས་མཐུན་སྒྲིལ་ཆེད་༸གོང་ས་མཆོག་གི་བཞེངས་ཕྱོགས་གང་ཡིན་གསལ་པོར་བསྟན་གནང་མི་འདུག་གམ།

གལ་ཏེ་སྲིད་སྐྱོང་མཆོག་གིས་ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ་ཞེས་པ་དེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་(secular ethics)ཅེས་པ་རྒྱལ་སྤྱིའི་སློབ་གྲྭ་ཁག་གི་སློབ་ཚན་ནང་གཏན་འབེབས་ཡོང་ཐབས་ལ་༧གོང་ས་མཆོག་ནས་ཐུགས་རེ་གནང་གི་ཡོད་པའི་དོན་དུ་གོ་ན། དེ་ནི་མ་གོ་བ་ཆེན་པོ་སྟེ། ཆོས་ལུགས་ལ་མ་བརྟེན་པའི་ཞེས་ཆོས་དང་འབྲེལ་བ་མེད་པ་ཚིག་ཟིན་དངོས་ལ་གསལ་བ་བྱིས་པས་ཀྱང་རྟོགས་སླ་བས་ན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེ་གཉིས་ཀྱི་ཁྱད་པར་ཕྱེ་མ་ཐུབ་པ་ག་ལ་སྲིད། མ་ཟད་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། ཤ་༡༢ ལས། “ངོས་ནས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་ (secular ethics) ཞེས་པ་ནི། མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པའི་གཞི་རྩའི་བཟང་གཤིས་རྣམས་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཁག་གིའང་བྱམས་བརྩེའི་བསླབ་བྱའི་རྨང་གཞི་རུ་གྱུར་པ་དེ་རྣམས་ལ་ཟེར་གྱི་ཡོད་”ཅེས་ཆོས་ལུགས་དང་མ་འབྲེལ་བར་རྨང་གཞིའི་སྤྱོད་བཟང་ལ་གོ་དགོས་པར་གསལ་པོ་གསུངས་ཡོད་པས་ན་བཞེད་ཚུལ་དེ་ཇི་ལྟར་འཐད།

ཅི་སྟེ་སྲིད་སྐྱོང་མཆོག་གིས་གསུངས་པའི་དབྱིན་ཚིག་ (Spread Buddhism all over the world) ཞེས་པའི་ (Spread) ཞེས་པ་ཁྱབ་སྤེལ་གྱི་དོན་དུ་གོ་བ་མིན་ཞེས་ནའང་མི་འཐད་དེ། ཡོངས་གྲགས་སུ་ཁས་ལེན་པའི་དབྱིན་ཇིའི་ཚིག་མཛོད་ཀེམ་བྷེ་ར་ཇེ་ཚིག་མཛོད་(Cambridge Dictionary) སོགས་ཀྱི་ནང་། (Spread) ཞེས་པ་དོན་དུ་མར་འཇུག་པ་སྟོན་མོད། མང་ཆེ་བ་ཁྱབ་པ་དང། སྤེལ་བ། རྒྱ་བསྐྱེད་ཀྱི་དོན་དུ་འཇུག་ལ། དེ་དག་གི་ནང་ནས་སྐབས་འདིའི་ (Spread)ཞེས་པ་ཁྱབ་སྤེལ་ལ་འཇུག་པ་ཚིག་གོང་འོག་གི་འབྲེལ་བས་སྟོན་ལ། དེ་ལས་གཞན་ལ་འཇུག་པ་འོས་མ་མཆིས་ཤིང་འབྲེལ་ཡང་མ་ཆགས་པའི་ཕྱིར་ན། བཞེད་ཚུལ་དེ་ཡང་མི་འཐད་པ་ཆེན་པོའོ། །

དེ་བཞིན་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ནང་པའི་ཆོས་ཀྱི་བསྟི་གནས་དུ་མ་ཞིག་ཀྱང་༧གོང་ས་མཆོག་གིས་འཛམ་གླིང་གང་སར་ཕྱག་བཏབ་ཡོད་པ་རེད་ཅེས་གསུངས་པ་ཡང་། རྒྱུས་མེད་ལ་རྒྱུས་གཏམ་བཤད་ན། རྒྱུས་ཡོད་གད་མོ་ཤོར་ཞེས་པའི་དཔེ་ལས་མ་འདས་ཏེ། ༧གོང་ས་མཆོག་གིས་ནུབ་ཕྱོགས་ལུང་པ་གང་དུ་ཆོས་ཀྱི་ལྟེ་གནས་གང་དག་ཕྱག་བཏབ་ཡོད་དམ། གལ་ཏེ་དགོན་སྡེ་ཁག་དང་སྒེར་པ་རེ་ཟུང་གིས་ཆོས་ཚོགས་བཙུགས་ཡོད་པ་དེ་དག་༧གོང་ས་མཆོག་གིས་ཕྱག་བཏབ་པར་བཞེད་ན་ནི། དེ་དག་གི་བདག་དབང་༧གོང་ས་མཆོག་ལ་ཡོད་དགོས་མོད། དེ་ལྟར་མིན་པར། དེ་དག་གི་བདག་དབང་ཡོངས་རྫོགས་ཆོས་ཚོགས་རང་རང་ལ་ཡོད་པ་འཇིག་རྟེན་ཀུན་གསལ་མ་ཡིན་ནམ། དེས་ན་དཔལ་ལྡན་སྲིད་སྐྱོང་གིས་གསུངས་པ་དེ་དག་ནི་བྱུང་རྒྱལ་དུ་སྨྲས་པའི་མཁས་པའི་ཧང་རྒྱག་ཙམ་ལས་གཞི་རྩ་གང་ཡང་མེད་པ་ཞིག་གོ །

མ་ཟད་ནུབ་ཕྱོགས་ལུང་པར་ནང་པའི་དགོན་པ་གསར་འཛུགས་བྱ་རྒྱུ་ནི་༧གོང་ས་མཆོག་གི་དགོངས་གཞི་རྩ་བ་ཉིད་ནས་མིན་ཏེ། ཐེངས་ཤིག་ཕྱི་རྒྱལ་པ་ཞིག་གིས་༧གོང་ས་མཆོག་ལ་ནུབ་ཕྱོགས་ལུང་པར་དགོན་པ་ཞིག་གསར་འཛུགས་ཞུ་འདོད་ཡོད་ཚུལ་ཞུས་པར། ༧གོང་ས་མཆོག་ནས་དེའི་བཀའ་ལན་དུ། “ནུབ་ཕྱོགས་ལུང་པ་ནང་པའི་ལུང་པ་མིན་སྟབས། དགོན་པ་བརྒྱབ་ན་འོས་པོ་མེད་པ་དང། རྒྱ་གར་ནང་བཞེངས་ན་འགྲིག་འཐུས་ཆོག་”པར་བཀའ་སྩལ་བ་ལས་ཤེས་ཐུབ་བོ། །

དེས་ན་སྲིད་སྐྱོང་མཆོག་གིས་ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་པ་དང། དེའི་རྒྱུ་མཚན་དུ་ནང་པའི་ཆོས་ཀྱི་བསྟི་གནས་མང་པོ་ཞིག་འཛམ་གླིང་གང་སར་ཕྱག་བཏབ་ཡོད་པར་གསུངས་པ་བཅས་ནི། ༧རྒྱལ་བའི་མཛད་པར་ཆེད་མངགས་སྒྲོ་སྐུར་ཞུས་པ་ཞིག་ཡིན་པས། གནོངས་ངོས་ལེན་སྦང་མ་ཆུ་ལེན་གྱིས་གསལ་བཤད་མཐིལ་ཕྱིན་པ་ཞིག་འཕྲལ་དུ་མ་གནང་ན། གནས་ཚུལ་འདི་བོད་མི་ཡོངས་དང། རྒྱལ་སྤྱིའི་ནང་པ་ཡོངས་ཀྱིས་དགག་རྒྱག་ཐེར་འདོན་གྱི་ཚ་རླབས་ཤིག་འཕྱུར་ངེས་ཡིན་ནོ། །

 

 

 

མཇུག་བསྡོམས།

 

མདོར་ན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་ལ་ནམ་རྒྱུན་དགོངས་གཞི་དྲུག་ཡོད་པར་གསུངས་པ་དེ། གཏམ་མཁས་པས་བཤད་ན་མི་བདེན་པ་མེད་ཅེས་པ་ལྟར་ཆགས་དགོས་མོད། དེ་ལྟར་མ་བྱུང་བར་དྲན་རྒྱུ་མང་ན་ཡོང་རྒྱུ་མང་ཞེས་པ་ལྟར་གྱུར་ཏེ། ༧རྒྱལ་བའི་དགོངས་པར་ལོག་འགྲེལ་ཆགས་ཡོད། དེས་ན་གོང་གསལ་ས་བཅད་གཉིས་ཀྱི་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ལན་གནང་བ་ཁག བདེན་པ་མིན་པར་སྒྲུབ་བྱེད་ལུང་རིགས་ཟུང་གིས་གསལ་བཤད་བྱས་ཡོད་ཅིང་། འདིའི་དགོས་པ་ནི་དཔལ་ལྡན་སྲིད་སྐྱོང་མཆོག་ལ་མ་དགའ་བ་དང་མ་གུས་པས་མིན་པར། འབྱུང་འགྱུར་སྲིད་སྐྱོང་གིས་དབུས་པའི་མཁས་པ་གཞན་དང་གཞན་གྱིས་ཀྱང་གཏམ་བཤད་དེ་རིགས་མི་ཡོང་བ་དང། གཞོན་སྐྱེས་རྣམས་ཀྱིས་ཀྱང་༧གོང་ས་མཆོག་གི་དགོངས་གཞི་གང་ཡིན་ལ་ངེས་ཤེས་གསལ་རྟོགས་བྱུང་ཚེ། ཁ་རྒྱུན་ལ་ཆུ་ཆར་པའི་སྐྱོར་རོགས་མ་བྱུང་རུང་། སད་སེར་བའི་སྣ་འདྲེན་བྱེད་མི་རུང་ཞེས་པ་ལྟར་ཡོང་རེའི་ཀུན་སློང་ཐོག་རྩོམ་འདི་སྤེལ་བའོ། །

 

དཔྱད་གཞི།

ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། སྟོད་ཆ། ཕྱིི་ལོ་ ༢༠༡༤ ལོར་པར། དགའ་ལྡན་ཕོ་བྲང་།

ཆོས་ལུགས་མཚམས་ལས་འདས་པའི་བཟང་སྤྱོད། བོད་ཀྱི་དཔེ་མཛོད།

ཤེས་བྱ། བོད་གཞུང་།

https://www.dalailama.com/messages/religious-harmony-1/the-relevance-of-religion-in-modern

http://www.gyalwarinpoche.com/node/146

https://www.dictionary.com/browse/spread?s=t