རྒྱ་ནག་གཞུང་གིས་བོད་ཧིན་ས་མཚམས་སུ་ཁེལ་བའི་བྷ་ར་ཧོ་ཊི་ལུང་གཤོངས་སུ་ཁང་པ་ ༣༠༠ ནས་ ༤༠༠ ཙམ་ཡོད་པའི་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་སྟབས་རྒྱ་གར་གཞུང་གིས་དེ་ཁུལ་དུ་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་འདུག

དེ་རིང་རྒྱ་གར་གྱི་ཧིན་རྡུ་གསར་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་ས་ཐིག་ (LAC) གི་ས་ཁུལ་ཁག་ཏུ་མུ་མཐུད་ནས་གྲོང་ཚོ་གསར་པ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་གཞུང་གིས་འདས་པའི་ཟླ་བ་གསུམ་གྱི་ནང་ཚུད་དུ་རྒྱ་གར་བྱང་ཤར་ཁུལ་གྱི་ཨུ་ཌར་ཁན་ཌི་མངའ་སྡེའི་ས་མཚམས་རྩོད་རྙོག་ཅན་བྷ་ར་ཧོ་ཊི་ (Barahoti) ལུང་གཤོངས་སུ་ཁང་པ་ ༣༠༠ ནས་ ༤༠༠ ཙམ་ཡོད་པའི་གྲོང་ཚོ་ཞིག་གསར་དུ་རྒྱག་བཞིན་ཡོད་པ་དང་། ལུང་གཤོངས་དེ་ནི་ཨུ་ཌར་ཁན་ཌི་མངའ་སྡེའི་ལུང་གཤོངས་ཆེ་ཁག་བཞི་སྟེ། ཧར་ཤིལ་(Harshil)དང་མཱ་ནཱ་(Mana)། བྷ་ར་ཧོ་ཊི་(Barahoti) ནི་ཏི་(Niti)་བཅས་ཀྱི་ནང་ནས་གཅིག་ཡིན་འདུག ཕྱི་ལོ་ ༢༠༢༡ ཟླ་ ༨ པའི་ནང་རྒྱ་དམག་ ༡༠༠ ལྷག་བྷ་ར་ཧོ་ཊིའི་ནང་འཛུལ་རྗེས་ཆུ་ཚོད་ཁ་ཤས་རྗེས་སུ་ཕྱིར་ལོག་ཡོད་འདུག
རྒྱ་ནག་གཞུང་གིས་ཨུ་ཌར་ཁན་མངའ་སྡེ་ཙམ་མིན་པར་ལ་དྭགས་ཀྱི་ཐང་ལ་ (Thangla) ས་ཁུལ་དང་ཐོ་ལིང་ (Tholing)དུའང་གྲོང་ཚོ་དང་དམག་སྒར་གསར་པ་བསྐྲུན་བཞིན་པའི་སྒང་ཡིན་འདུག་ལ། ཨ་རུ་ན་ཅལ་མངའ་སྡེའི་ཀ་མང་ (Kameng) རྫོང་གི་ཁ་གཏད་དུ་དམག་སྡེ་གྲངས་ ༤༡ བཙུགས་ཡོད་འདུག
ཕྱི་ལོ་ ༢༠༢༠ ཟླ་ ༤ པའི་ནང་རྒྱ་དཀར་ནག་བར་ས་མཚམས་འཁྲུག་འཛིང་ཆེན་པོ་བྱུང་བ་ནས་བཟུང་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་ཁུལ་དུ་གཞུང་འབྲེལ་དང་ཆུ་གློག་འཛུགས་སྐྲུན་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། ས་མཐོར་དེང་རབས་འཕྲུལ་ཆས་རིགས་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་ (Drone) སོགས་བེད་སྤྱོད་གཏོང་ཕྱོགས་ཐད་ཚོད་ལྟ་དང་སྦྱོང་བརྡར་མང་པོ་བྱེད་བཞིན་ཡོད་པ་རེད། དཔེར་ན། རྒྱ་གར་གཞུང་གིས་ཀྱང་མཐའ་མཚམས་ཁུལ་དུ་གཞུང་ལམ་སོགས་ཀྱི་འཛུགས་སྐྲུན་ཆེད་ཕྱི་ལོ་ ༢༠༢༡ ནས ༢༠༢༢ བར་དུ་ཧིན་སྒོར་བྱེ་བ་༦༠༢།༣(Crore)དང་། ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ བར་དུ་ཧིན་སྒོར་བྱེ་བ་༣༥༥།༡(Crore)། ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་དུ་ཧིན་སྒོར་བྱེ་བ་ ༤༩༩།༣(Crore)གྱི་འགྲོ་གྲོན་བཏང་ཡོད་འདུག
ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་བོད་དང་ས་འབྲེལ་དུ་འཁེལ་བའི་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བྱང་ཕྱོགས་ཀྱི་སུ་བྷན་སི་རི་སྟོད་མའི་ (Upper Subansiri) རྫོང་ཁོངས་སུ་བཞུར་བའི་རྩ་རི་ཆུ་མོའི་ (River Tsari Chu) འགྲམ་བརྒྱུད་དུ་ཁང་པ་ ༡༠༡ ལྷག་ཡོད་པའི་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱས་ཡོད་པའི་གནས་ཚུལ་གསར་ལམ་དུ་ཐོན་ཡོད་པ་དང་། རྒྱ་གར་ཕྱོགས་ནས་ཀྱང་ས་ཁུལ་དེར་ལམ་དང་ཟམ་ཆེན་སོགས་འཛུགས་སྐྲུན་གྱི་ལས་གཞི་སྔར་ལྷག་འགྲོ་མུས་ཡིན་འདུག དེའི་ཐད་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨ་རིན་ཌམ་བྷག་ཆི་ (Arindam Bagchi) ལགས་ཀྱིས། རྒྱ་གར་གཞུང་གིས་ཕྱི་ལོ ༢༠༢༡ ཟླ་ ༡ པའི་ནང་རྒྱ་ནག་གི་གྲོང་ཚོ་གསར་སྐྲུན་གྱི་ལས་གཞི་དེ་ཤེས་རྟོགས་བྱུང་ཡོད་ལ། རྒྱ་གར་གྱིས་རྒྱ་ནག་གི་གྲོང་ཚོ་འཛུགས་སྐྲུན་ཐད་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་མཐའ་མཚམས་བདག་དབང་སྲུང་སྐྱོབ་སྔར་ལྷག་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་རེད།
ཕྱི་ལོ་ ༢༠༢༠ ཟླ་ ༡༡ པའི་ནང་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་

རྒྱ་ནག་གཞུང་གི་མངའ་ཁོངས་རྒྱ་སྐྱེད་ཀྱི་སྲིད་ཇུས་འོག ཕྱི་ལོ་ ༢༠༡༧ ལོར་རྒྱ་དཀར་ནག་དང་འབྲུག་བཅས་ཀྱི་བར་རྩོད་རྙོག་ཅན་དུ་གྱུར་བའི་འབྲོག་ལམ་ཁུལ་དུ་གདོང་ཐུག་དྲག་པོ་བྱུང་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༡ པོའི་ནང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་ལོར་རྒྱ་ནག་གཞུང་གིས་འབྲུག་གི་ས་མཚམས་ཀྱི་ས་གནས་ཁག་དྲུག་གི་ནང་དུ་མཛོད་ཁང་ཚུད་པའི་སྡོད་ཁང་མི་འདྲ་བ་ ༢༠༠ ཙམ་འཛུགས་སྐྲུན་བྱས་ཡོད་འདུག དེ་འབྲེལ་འབྲུག་གི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས། མང་ཚོགས་ཀྱི་ཁྲོད་དུ་མཐའ་མཚམས་ཀྱི་དཀའ་རྙོག་སྐོར་མི་གླེང་རྒྱུ་ནི་འབྲུག་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ཡིན་པ་དང་། དེ་དག་ནི་འབྲུག་དང་རྒྱ་ནག་ནང་ཁུལ་དུ་གྲོས་བསྡུར་བྱ་རྒྱུའི་གནད་དོན་ཞིག་ཡིན་སྐོར་སོགས་འགྲེལ་བརྗོད་གནང་ཡོད་པ་རེད། དེའི་ཐད་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས། འཛུགས་སྐྲུན་དེ་དག་ནི་ས་གནས་མི་མང་གི་འཚོ་བའི་གནས་བབ་ཡར་རྒྱས་གཏོང་སླད་ཡིན་པ་དང་། རྒྱ་ནག་གཞུང་གི་ས་ཁོངས་སུ་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་པ་ནི་རྒྱ་ནག་གཞུང་གི་དབང་ཚད་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
ཕྱི་ལོ་ ༢༠༡༩ ལོར་བལ་ཡུལ་ས་ཁོངས་ཞིབ་བཤེར་ལས་ཁུངས་ནས་སྙན་ཐོ་ཞིག་བཏོན་པའི་ནང་། བལ་ཡུལ་གྱི་ས་ཆ་མང་པོ་རྒྱ་ནག་གིས་ཧམ་བཟུང་བྱས་ཡོད་པའི་གནས་ཚུལ་བཏོན་རྗེས། བལ་ཡུལ་གྱི་རྫོང་ཁག་ཅིག་ནང་མི་མང་གིས་“རྒྱ་ནག་མར་རྒྱུགས་ཤིག བལ་ཡུལ་གྱི་ས་ཆ་ཕྱིར་སྤྲོད་དགོས”ཞེས་ངོ་རྒོལ་བྱས་ཏེ་ཞི་ཅིན་ཕིང་གི་འདྲ་པར་དང་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་ཡོད་པ་མ་ཟད། བལ་གཞུང་གིས་སོ་སོའི་མངའ་ཁོངས་གཞན་གྱིས་འཕྲོག་ཀྱང་ཁུ་སིམ་སིམ་སྡོད་པ་ནི་རྒྱལ་ཁབ་སྐྱོང་བའི་ཐབས་ལམ་ཞིག་གཏན་ནས་མིན་པའི་རྒོལ་གཏམ་བསྒྲགས་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།