༢༠༠༨ ལོའི་ཟླ་བ་ ༣ ནས་ད་བར་བོད་མི་ ༢༢༨ མནར་གཅོད་ཀྱིས་འདས་གྲོངས་སུ་ཕྱིན་འདུག དེའི་ནང་མི་ ༡༡༨ གྱི་མིང་དང་བཅས་པའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། བོད་མི་༣༧༡ བཙོན་འཇུག་ཁྲིམས་བཅད་བཏང་པ་དང་། བོད་མི་ ༤༦༥༧ འཛིན་བཟུང་ངམ་བཀག་ཉར་བྱས་ཡོད། བོད་མི་༩༩༠ གར་སོང་ཆ་མེད་དུ་གྱུར་བ་མ་ཟད། བོད་མི་ ༡༢༩༤ ཙམ་ལ་རྨས་སྐྱོན་ཕོགས་པ་རེད།
༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ ༢༠ འཁོར་བའི་དུས་དྲན་དེ་ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་ཐོག་སྲུང་གཙི་གནང་ཡོད། བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་བཀའ་ཤག་གི་གཏམ་བཤད་སྒྲོག་སྦྱོང་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས། འཇིག་རྟེན་ཞི་བདེའི་དེད་དཔོན། གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་མིའི་རྩ་དོན་བསྒྲུབ་བྱ་སྤྱི་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད། དེ་བཞིན་འཛམ་གླིང་ནང་ཞི་བདེ་ཡུན་གནས་འབྱུང་བ་དང་ཆོས་ལུགས་འདྲ་མིན་ཁག་བར་མཛའ་མཐུན་འབྲེལ་ལམ་དམ་ཟབ་གོང་འཕེལ་གཏོང་རྒྱུ། འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་རྣམས་གོང་འཕེལ་གཏོང་ཐབས། ཁོར་ཡུག་སྲུང་སྐྱོབ་སོགས་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་འཛམ་གླིང་ནང་ཁྱབ་སྤེལ་གནང་བ་བཅས་ལ་ཐུགས་ཁུར་དང་འབད་བརྩོན་རྒྱུན་བསྲིངས་གནང་དང་གནང་བཞིན་པའི་རླབས་ཆེན་མཛད་འཁུར་གྱི་འཕྲིན་ལས་བསམ་སྤྱོད་ལས་འདས་པར་བརྟེན། རིས་སུ་མ་ཆད་པའི་རྒྱལ་ཁབ་དང་མི་རིགས་ཚོགས་སྡེ་རྣམས་ཀྱིས་གཟེངས་བསྟོད་བྱ་དགའ་དང་ཕྱག་འཁྱེར་སོགས་བརྒྱ་ཕྲག་བརྒལ་བ་ཞིག་ཕུལ་བ་དགྱེས་བཞེས་མཛད་ཡོད་པ་མ་ཟད། འདི་ལོར་མཚོན་ནའང་༧གོང་ས་མཆོག་ལ་སྔ་རྗེས་སུ་པོ་ལན་ཌིའི་རྒྱལ་ས་ཝ་སོར་གྲོང་ཁྱེར་གྱིེ་ཆེ་བསྟོད་ཕྱག་འཁྱེར་དང་། འཇར་མན་ཧེ་སན་མར་བྷར་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་གི་ཕྱག་འཁྱེར། ཨ་རིའི་གྲོང་ཁྱེར་མེམ་ཕེ་སིའི་རྒྱལ་ཡོངས་མི་མང་འགྲེམས་སྟོན་ཁང་གི་རྒྱལ་སྤྱིིའི་རང་དབང་གཟེངས་རྟགས། ཁེ་ན་ཌའི་གྲོང་ཁྱེར་ན་ཁུ་རའི་ཕེ་ཛར་སྒྲིག་འཛུགས་ཀྱིས་བྱམས་བརྩེ་དང་བཟོད་བསྲན་གྱི་གཟེངས་རྟགས། ཁེ་ན་ཊའི་གྲོང་ཁྱེར་ཁལ་གྷ་རིའི་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་གི་ཕྱག་འཁྱེར། ཨ་རིའི་ཊོམ་ལན་ཌོ་སི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བཅས་འབུལ་བཞེས་མཛད་པ་དང། ༡༩༨༩ ལོར་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ཀྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་སྟེ་མི་ལོ་ཉི་ཤུ་ཧྲིལ་བོ་འཁོར་བར་དོན་དམ་གྱི་གཟི་བརྗིད་ཀྱི་རྒྱན་དུ་གྱུར་ཡོད། ཅེས་དང་། སྔར་ལོ་བོད་ནང་ཕྱི་རྒོལ་བྱུང་བ་ནས་བཟུང་རྒྱ་ནག་ནང་བློ་གཟུ་བོར་གནས་པའི་ཤེས་ཡོན་ཅན་དང་ཁྲིམས་རྩོད་པ། གཞན་སྤྱིར་བཏང་གི་མང་ཚོགས་ཀྱིས་རྒྱ་ནག་གིས་རྫུན་པའི་དྲིལ་བསྒྲགས་ལ་མགོ་མ་འཁོར་བར་གསལ་སྟོན་གྱི་སྙན་ཐོ་ཡོངས་གྲགས་སུ་བཏོན་པ་དང་། རྒྱ་གཞུང་གིས་བརྒྱུད་ལམ་ཁག་བཀག་འགོག་བྱས་མིན་ལ་མ་ལྟོས་པར་རྒྱབ་སྐྱོར་གྱི་རྩོམ་ཡིག་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། འདི་ལོའི་ཟླ་ ༨ པར་སུད་སིར་འཚོགས་པའི་བོད་རྒྱའི་ཚོགས་ཆེན་སྟེང་ཐུན་མོང་གི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ད་ལྟའི་བོད་ཀྱི་གནད་དོན་གྱི་འབྱུང་རྩ་ནི་བོད་རྒྱ་མི་རིགས་གཉིས་དབར་གྱི་གདོང་ཐུག་ལས་བྱུང་བ་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་ལག་བསྟར་བྱས་པའི་སྲིད་དབང་སྒེར་སྡོམ་གྱི་དབང་སྒྱུར་དང་རིག་གཞུང་ཐོག་མི་རིགས་རྩ་གཏོར་གྱི་བྱེད་བབ་ལས་བྱུང་བ་ཞིག་ཡིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཞེས་པ་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་གྱི་མེད། ༧གོང་ས་མཆོག་གི་དབུ་མའི་ལམ་ལ་མུ་མཐུད་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། འདི་ལོའི་ཟླ་ ༡༡ པར་རོམ་དུ་འཚོགས་པའི་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་འདུ་བསྐངས་ནས་སྐབས་དེར་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་བར་དོན་ལྡན་གྱི་གྲོས་མོལ་མགོ་འཛུགས་པར་རྒྱལ་སྤྱིའི་གནོན་ཤུགས་སྤྲོད་དགོས་པ་དང་། བོད་ཕྱོགས་ནས་རང་སྐྱོང་སྐོར་གྱི་ཡིག་ཆ་ཕུལ་ཟིན་པ་དེར་མཇུག་སྐྱོང་རྒྱུ། དེ་བཞིན་ནོ་སྦེལ་གཟེངས་རྟགས་བཞེས་མཁན་བརྒྱད་ཀྱིས་བོད་དོན་རྒྱབ་སྐྱོར་ཞུས་པའི་བསྒྲགས་གཏམ་སྤེལ་བ་དང་ཉེ་ཆར་ཡང་སྲིད་འཛིན་ཨོ་བྷ་མས་པེ་ཅིན་ནས་ཧུའུ་ཅིན་ཐོ་ལ་ཐུག་སྐབས་བོད་དོན་སྐོར་ནན་བཤད་བྱས་ཡོད་པ་སོགས་ཀྱི་གྲུབ་འབྲས་ཐོན་ཡོད། ཅེས་གསུངས་བྱུང་ལ།
གཞན་ཡང་སྔར་ལོར་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་རྗེས་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེན་པོའི་དྲག་གནོན་འོག་མི་ཅི་ཙམ་ཤི་སྐྱོན་བྱུང་བའི་ཞིབ་ཕྲའི་གནས་ཚུལ་དེ་རེད། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༧ ནང་ཚུད་དུ་ང་ཚོར་ཐོབ་པའི་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་ ༢༠༠༨ ལོའི་ཟླ་བ་ ༣ ནས་ད་བར་བོད་མི་ ༢༢༨ མནར་གཅོད་ཀྱིས་འདས་གྲོངས་སུ་ཕྱིན་འདུག དེའི་ནང་མི་ ༡༡༨ གྱི་མིང་དང་བཅས་པའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། བོད་མི་ ༣༧༡ བཙོན་འཇུག་ཁྲིམས་བཅད་བཏང་པ་དང་། བོད་མི་ ༤༦༥༧ འཛིན་བཟུང་ངམ་བཀག་ཉར་བྱས་ཡོད། བོད་མི་༩༩༠ གར་སོང་ཆ་མེད་དུ་གྱུར་བ་མ་ཟད། བོད་མི་ ༡༢༩༤ ཙམ་ལ་རྨས་སྐྱོན་ཕོགས་པ་རེད། ཁོང་ཚོ་མ་ཡིན་པའི་བོད་མི་ཅི་ཙམ་ཚེ་ལས་འདས་པ་དང་བཙོན་དུ་བཅུག་པ། སྡུག་སྦྱོང་མནར་གཅོད་འོག་ད་དུང་གནས་ཡོད་སུས་ཤེས་ཐུབ། ལྷག་པར་ ༧ཀུན་གཟིགས་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་ཆུང་བྱིས་པའི་དུས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་བྱིས་པའི་ཐོབ་ཐང་ཙམ་ཡང་སྲུང་གཙི་མེད་པར་བཙན་འཕྲོག་བྱས་ཏེ། ད་ཆ་དགུང་ལོ་ཉི་ཤུར་ཉེ་བར་སླེབས་ཀྱང་སྤྱི་མང་གི་ཐོབ་ཐང་མ་འཐོབ་པར་དུས་ད་ལྟ་ཡང་འཚོ་བཞུགས་དང་གར་ཡོད་ཆ་མེད་ལ་གནས་ཡོད་པ་དེར་བློ་འཚབ་ཆེན་པོ་ཡོད་པ་མ་ཟད། ཆུང་སྲིད་རིན་པོ་ཆེས་དབུས་པའི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད། ཉེ་བའི་ཆར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་ཁུངས་ལྡན་གྱི་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་སར་སྔ་ལོའི་ཞི་རྒོལ་དང་འབྲེལ་བའི་བོད་མི་བློ་བཟང་རྒྱལ་མཚན་དང་ལོ་ཡག་གཉིས་འཕྲལ་མར་སྲོག་ཐོག་དང་རྐང་བཙུགས་དང་བསྟན་ཛིན་ཕུན་ཚོགས། བུ་མོ་སྤེན་སྐྱིད་བཅས་བོད་མི་གསུམ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཆད་གཏོང་རྒྱུའི་ཁྲིམས་ཐག་བཅད་ཅིང་། ད་དུང་བོད་ཀྱི་ས་ཁུལ་གཞན་དུའང་བོད་མི་འཛིན་བཟུང་དང་སྲོག་ཐོག་ལ་བཏང་བའི་གནས་ཚུལ་གོ་ཡོང་གི་འདུག མཐའ་མར་རྒྱ་ནག་གཞུང་གི་ད་ལྟའི་མགོ་ཁྲིད་པ་ཚོས་ངེས་པར་དུ་བོད་རྒྱ་མི་རིགས་ཀྱི་ཕུགས་ཀྱི་ཁེ་ཕན་དང་རྒྱ་ནག་གི་བརྟན་ལྷིང་སྲུང་སྐྱོབ་བྱ་ཆེད་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྐུལ་ལ་དང་ལེན་ཞུ་དགོས་པར་མཐོང༌ཅེས་གསུང་སོང་།
ཡང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་གཙིའི་ཉིན་མོར་འཁེལ་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་དང་རང་དབང་དང་དམངས་གཙོའི་རྒྱལ་ཁབ་ཁག་ལ་རྒྱ་གཞུང་གིས་ད་དུང་ཡང་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་། དྲང་བདེན་མིན་པའི་ཁྲིམས་གཅོད་བྱས་དང་བྱེད་བཞིན་པ་རྣམས་ལ་ངོ་རྒོལ་དང་། འཕྲལ་དུ་མཚམས་འཇོག་དགོས་པར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་བདེན་རྒྱབ་དཔུང་རོགས་ངེས་གནང་ཡོང་བའི་འབོད་སྐུལ་དང་། རྒྱ་ནག་གཞུང་གིས་ཀྱང་ལུགས་མཐུན་ལག་བསྟར་ངེས་པར་དགོས་པའི་དགོས་འདུན་ཤུགས་ཆེར་ཞུ་བཞིན་ཡོད། བཙན་བྱོལ་བོད་མི་ཚོས་ཀྱང་། བཙན་གནོན་འོག་གི་གཞིས་སྡོད་བོད་མིའི་ལྷག་བསམ་དང་དཔའ་མཛངས་སྙིང་སྟོབས། བླ་ན་མེད་པའི་མཛད་རྗེས་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་། བོད་མིའི་བདེན་མཐའ་མྱུར་གསལ་སླད་༧གོང་ས་མཆོག་དབུས་པའི་བཙན་བྱོལ་བོད་མི་ཡོངས་ཀྱིས་འཚེ་མེད་ཞི་བའི་ལས་འགུལ་མུ་མཐུད་སྤེལ་རོགས་ཞེས་རེ་སྐུལ་གནང་སོང་།
མཐའ་མར་ཁོང་གིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གྲོས་ཆོད་བྱུང་བ་ལྟར། བོད་ནང་འདས་གྲོངས་སུ་ཕྱིན་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་གུས་འདུད་ཆེད་མི་འགྱངས་བར་རྗེས་དྲན་རྡོ་རིང་བཞེངས་རྒྱུ་ཡིན། ཅེས་བརྗོད་བྱུང།
དུས་དྲན་གྱི་ཉིན་མོ་འདི་དང་སྟབས་བསྟུན་ཏེ་སྐུ་མགྲོན་གཙོ་བོ་མཆོག་གིས་གཞུང་ཞབས་ནང་སྲི་ཞུ་སྒྲུབ་མཁན་བགྲེས་ཡོལ་ཁག་ཅིག་དང་བོད་གཞུང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་རང་ལོ་ ༢༥ སྲི་ཞུ་སྒྲུབ་མཁན་རྣམས་ལ་བྱ་དགའ་གསོལ་རས་དང་། ནོར་ཝེ་བོད་ཀྱི་རོགས་ཚོགས་ཀྱི་རྒྱབ་སྐྱོར་འོག་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་བརྩམས་པའི་༼གསར་བརྗེ༽ ཞེས་པའི་བོད་འགྱུར་གྱི་དེབ་དང་། བོད་མིའི་ཚོང་ལས་བདེན་ཚོགས་ཀྱིས་༼རྒྱ་གར་ནང་ཚོང་འབྲེལ་བྱེད་ཐབས༽ དང་སྒྲོན་མེ་རྩོམ་སྒྲིག་ཁང་གི་མི་ལོ་ལྔ་བཅུའི་དུས་དྲན་གྱི་སྒྲོན་མེ་ཆེད་རྩོམ་འགྲན་བསྡུར་ ༼ཤེས་རྟོགས་དང་ལག་ལེན༽ ཅེས་པའི་དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་རྗེས་བོད་གཞུང་ཟློས་གར་ཚོགས་པ་དང་བཞུགས་སྒར་ཁུལ་གྱི་སློབ་གྲྭ་ཁག དེ་བཞིན་གངས་སྐྱིད་ཀྱི་ལས་བྱེད་ཁག་བཅས་སྡེ་ཚན་ ༡༡ ལྷག་གིས་དུས་དྲན་ལ་དགའ་སྟོན་རྟེན་འབྲེལ་གྱི་གཞས་སྣ་འཁྲབ་སྟོན་གནང་ཡོད།
དགེ་འདུན་ནང་ལ་རེག་དུག་གི་ན་ཚ་ཡོད་པར་ཧང་སོང་དགོས་པ་མ་རེད།
སྙིང་རྗེ།
ད་ལྟ་རང་དུ་ཁ་པར་གཏང་གི་ཡིན་ཏོ།།
ནོར་བཅོས།སྙིང་རྗེ་ཡོད་མཁན་ཞིག་
དྲ་གྲོགས་འོས་ལངས་ལགས།་བོད་ནི་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བོད་གཞུང་གིས་ནམ་ཡང་གསུངས་མྱོང་ཡོད་པ་མ་རེད།་སྲིད་དོན་པ་ཟེར་བ་ལྷག་བསམ་དང་སྙིང་ཡོད་མཁན་མིན་ལ།ཁ་བཤད་དང་ལག་ལེན་མཚུངས་པ་ཞིག་མིན་པ་མཁྱེན་པར་མཛོད།ཧ
ང་ལ་དཔེ་དེབ་དེ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་རག་སོང་། རྣམ་པ་ཚོས་ཕྱི་དྲིལ་ལས་ཁུངས་ལ་འབྲེལ་བ་བྱོས་དང་དེ་ནས་རག་གི་འདུག དགེ་བཤེས་སྨོན་ལམ་མཐར་ཕྱིན་ལ་བསྐྱར་བཀའ་དྲིན་ཆེ་ཞུ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཞེས་པ་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་པ་ཤེས་ན། ད་ལྟའི་ཆར་བོད་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ལྟ་བུར་ངོས་ལེན་བྱེད་ཀྱིན་ཡོད་པ་དེ་དག་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་པ་དེ་བས་ཀྱང་ཤེས་དགོས་པ་ཞིག་རེད། ཡང་ཉེ་སྔོན་ཨོ་སྦ་མས་པེ་ཅིན་དུ་བོད་དོན་སྐོར་ལ་ནན་བཤད་བྱས་ཚུལ་བསྒྲགས་འདུག་ཀྱང་། བོད་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དེ་སྐོར་གསལ་པོ་མ་བྱུང་བས་དེར་གོ་དོན་གང་འདྲ་ཞིག་ལེན་དགོས་པ་ཡིན་ནམ་བསམ། ཁ་ཞེ་དང་། མིང་དོན། གྲོས་ཆོད་དང་ལག་ལེན་རྣམས་མི་མཐུན་པའི་གཏམ་བཤད་རྫིག་པོ་འདི་འདྲ་རྐྱང་རྐྱང་གིས་མི་ལོ་ཧྲིལ་པོ་ལྔ་བཅུ་གཞན་ཡུལ་ནས་ལྷོད་ཀྱིས་བསྐྱལ་དགོས་བྱུང་བ་འདྲ།
བཀུར་བོས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཐུགས་རྗེ་ཆེ་ང་ལ་ཡང་ཕན་ཐོག་ཡག་པོ་བྱུང་སོང་།
དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་གཅན་བཟོད་རྒྱམ་ལགས་ཀྱི་ཐུགས་འདོད་ལྟར་དེབ་འདི་གང་དུ་འབྲེལ་བ་བྱ་དགོས་མིན་གསལ་བཤད་ཁ་གསལ་གནང་འདུག་ ཐུགས་རྗེ་ཆེ། ང་རང་ལ་གཅིག་དགོས་འདུག ལམ་སེང་འབྲེལ་བ་ཞུ་གི་ཡིན། སླར་ཡང་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དངོས་གནས་སྤྱི་འཐུས་གྲོས་ཚོགས་སྐབས་ཀྱི་གཏམ་བཤད་འདྲ་ཞིག་སྤེལ་འདུག ལུང་པ་གང་བཤད་རྗེས་ངས་ཧ་གོ་མ་བྱུང་ཁྱོད་རང་གིས་ཚོལ་ཟེར་གྱི་འདུག་ སྐྱག་འཐུས་རང་རེད།
སྤྱི་འཐུས་དགེ་བཤེས་ལགས་ཀྱི་བཀའ་ལན་ཞལ་གསལ་གནང་བར་ཐུགས་རྗེ་ཆེ་ཞུ། ད་ལྟ་རང་དུ་ཁ་པར་གཏང་གི་ཡིན་ཏོ།།
༧་སྤྱི་ནོར་གོང་ས་སྐྱབས་ཆེན་པོ་མཆོག་གི་སྐུ་ཚེ་ཡུན་དུ་རྟེན་པ་དང་། བོད་རང་དབང་རང་བཙན་གཙང་མའི་བདེན་མཐའ་མྱུར་དུ་སེལ་བ་ནི། བོད་མི་མི་རེ་ངོ་རེ་ནས་རང་ནུས་གང་གཅོག་གིས་ལས་ལ་འབད་དགོས་པ་ང་ཚོའི་གནས་བབས་ལ་གཞིགས་ན་གོ་ཐུབ་པ་འདི་ལྟར་རེད། ལྷག་དོན་དུ་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙིང་སྟོབས་དང་། ལྷག་བསམ་ལ་དུས་ནས་དུས་སུ་རྗེས་སུ་ཡི་རངས་ཞུ་དགོས་པའང་ཧ་ཅང་གལ་ཆེན་ཞིག་ཏུ་མཐོང་།
དོན་གཉེར་བ་གཅན་བཟོད་རྒྱམ་ལགས། གཞིས་བཞུགས་བུད་མེད་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་ལགས་ཀྱི་ཡབ་ཚེ་རིང་རྡོ་རྗེས་རིག་གནས་གསར་བརྗེ་ཟེར་བའི་སྐབས་གཙོ་བོ་བོད་ཀྱི་རྒྱལ་ས་ལྷ་སའི་ཕྱོགས་ཀྱི་སྐབས་དེའི་དངོས་མཐོང་གནས་ཚུལ་རྣམས་པར་བླངས་པ་ཁག་གི་འགྲེལ་བརྗོད་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ཐོག་བྲིས་ཤིང་། ཚེ་བརྟན་སྒྲོལ་དཀར་གྱིས་བོད་བསྒྱུར་བྱས་ཏེ་ནོར་ཝེ་བོད་དོན་ཚོགས་པས་པར་བསྐྲུན་གནང་བ་《གསར་བརྗེ་》ཞེས་པའི་དཔེ་དེབ་ཤོག་གྲངས་ ༣༣༦ ཡོད་པ་དེ་ཉིད་ ༢༠༠༩།༡༢།༡༠ ཉིན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་རྣམས་ལ་རིན་མེད་དུ་བཀྲམས་གནང་སོང་། དེ་རྗེས་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་འགྱུར་འོག་དཔེ་དེབ་དེའི་སྐོར་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་སྐབས་ཚེ་རིང་འོད་ཟེར་ལགས་ཀྱིས་དཔེ་དེབ་དེ་ཉིད་འབྲི་བརྩམས་གནང་བའི་བརྒྱུད་རིམ་དང་དགོས་དམིགས་སོགས་དྲ་བརྙན་གྱི་ལམ་ནས་ཐད་ཀར་གསལ་བཤད་ལྷུག་པོ་གནང་སོང་བ་དང་། ནོར་ཝེ་བོད་དོན་ཚོགས་པའི་འགན་ཁུར་བ་ཆུང་བདག་ཀོ་རན་ལགས་དང་། དཔེ་དེབ་བོད་བསྒྱུར་མཁན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་པར་གྱི་ལེའུ་ཚན་གཙོ་སྐྱོང་བ་ཚེ་བརྟན་སྒྲོལ་དཀར་ལགས་གཉིས་ཀྱིས་གཏམ་བཤད་དང་དྲི་བར་ལན་འདེབས་སོགས་གནང་སོང་སྐབས་ཤེས་རྟོགས་བྱུང་གསལ་ལྟར་ན། ད་ལན་དེབ་གྲངས་ཉིས་སྟོང་པར་བསྐྲུན་གྱིས་གཙོ་བོ་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་དང་། སློབ་གྲྭ་ཁག ཚོགས་སྡེ་ཁག་བཅས་སུ་རིན་མེད་ཀྱིས་འགྲེམས་སྤེལ་གནང་འཆར་ཡིན་འདུག་པ་དང་། ད་ལན་འདི་རུ་དོན་གཉེར་བ་མང་པོ་ཡོད་ཚོད་ལ་བལྟས་ན་དེབ་དེ་པར་ཐེངས་གཉིས་པ་ཞིག་བསྐྲུན་འཆར་ཡིན་ཚུལ་གསུང་གི་འདུག་པས་དོན་དངོས་དེབ་དེ་བླུ་རྒྱུ་ཡོད་མེད་གསལ་པོ་ཤེས་མ་སོང་། ཡིན་ནའང་ནོར་ཝེ་རླུང་འཕྲིན་ཁང་ལ་འབྲེལ་མཐུད་ཅིག་གནང་ན་གསལ་རྟོགས་ཡོང་ངེས་སྙམ། ཁ་པར་ཨང་། ༩༡-༡༨༩༢-༢༢༨༡༧༩ / ༢༢༢༣༨༤
རྩོམ་སྒྲིག་པ་ལགས། ད་དུང་ཁ་ས་ཕྱི་དྲིལ་ལས་ཁུངས་ནས་བོད་ནང་ངོ་རྒོལ་བྱུང་བ་ནས་བཟུང་རྒྱལ་སྤྱིའི་སྟེང་གི་གྲགས་ཅན་མི་སྣ་ཁག་ཅིག་ནས་བོད་དོན་ཐོག་གླེང་སློང་གནང་བའི་གསུང་བཤད་བོད་བསྒྱུར་དེབ་གཟུགས་སུ་བཀོད་པ་ཞིག་ཀྱང་དབུ་འབྱེད་གནང་སོང་ང་། གསར་འགོད་པ་ལགས་གཉིད་ཁུག་་མ་རེད་དམ།
འོན་ཀྱང་༌༌༌༌༌༌༌༌༌ཕོ་གསར་སྟོད་ལ་དམར་པོ་ཅན་དེས་གང་ཞིག་བྱེད་འདོད་པ་ཡིན་ནམ་༌༌༌༌༌༌༌ངས་རང་ཉིད་ཀྱི་རོགས་པ་ཕྱི་གླིང་པ་དེར་འགྲེལ་བཤད་བྱ་ཐུབ་མ་སོང༌། ཞི་རྒོལ་བྱས་ཚུལ་གྱི་འཁྲབ་སྟོན་དེ་སླར་ཡང་བཙན་བྱོལ་བ་འགས་ཞི་རྒོལ་མ་ཡིན་པ་འདྲ་པོ་ཞིག་བཟོས་སོང༌། ང་དང་པོ་ཉིད་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟེར་མཁན་དེས་རྒྱ་ལ་ཞིག་གྱོན་ནས་ཡོང་བ་མཐོང་མ་ཐག་རྣམ་རྟོག་ཟ་ཚར་སོང༌།
མདང་ནུབ་སྟེ། ཚེས་བཅུའི་དགོང་མོ་བོད་གཞུང་ཟློས་གར་ཚོགས་ཁང་དུ་འཁྲབ་པའི་སྔ་ལོའི་ཞི་རྒོལ་དང་འབྲེལ་བའི་གཏམ་བརྗོད་དེས་ལྟད་མོ་ཚོར་ཚོར་ཤུགས་དམིགས་བསལ་བ་ཞིག་སྟེར་འདུག འོན་ཀྱང་༌༌༌
འདས་པའི་གནས་ཚུལ་དང་ཁ་སང་གི་གནས་ཚུལ་སོགས་ཚང་མ་ཞིབ་ཚགས་ངང་བཀོད་འདུག་པར་ཐུགས་རྗེ་ཆེ་ཞུ། གསར་འགྱུར་གྱི་སྤུས་ཀ་སོགས་གང་ཏད་ནས་ཧ་ཅང་གོང་མཐོར་སོང་འདུག་སྙམ་པས་སེམས་པ་དགའ། ཨོ་རེད་རེད། ཡང་ངས་རང་དོན་ཞིག་དྲིས་ན་འདོད་བྱུང་། གསར་ཁང་གི་ལས་བྱེད་དང་དྲ་གྲོགས་ཚོར་ཞུ་རྒྱུ་ཞིག་ལ། ཨ་ཅེ་འོད་ཟེར་ལགས་ཀྱི་དཔེ་དེབ་དེ་གང་ནས་དང་ཇི་ལྟར་རག་གི་རེད། ཐུགས་རྗེ་གཟིགས། དགེ་བ་ཡོང་ང་།