འདི་ལོའི་ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་དེ་ཨ་རི་དང་དབྱིན་ཡུལ་གཉིས་ཀྱི་མི་སེར་ཡིན་པ་དཔལ་འབྱོར་རིག་པ་བ་ཨན་གྷུ་སི་ཌེ་ཌོན་ལགས་སུ་ཐོབ་ཡོད་འདུག
ཟླ་འདིའི་ཚེས་ ༡༢ ཉིན་སུད་ཌན་གྱི་ཚན་རིག་བསྟི་གནས (Royal Swedish Academy of Sciences) ཁང་གིས་འདི་ལོའི་ནོ་བྷེལ་དཔལ་འབྱོར་ཚན་རིག་གི་གཟེངས་རྟགས་དེ། ཨ་རི་དང་དབྱིན་ཡུལ་གཉིས་ཀྱི་མི་སེར་ཡིན་པ་དཔལ་འབྱོར་རིག་པ་བ་ཨན་གྷུ་སི་ཌེ་ཌོན་ (Angus Deaton) ལགས་སུ་ཐོབ་ཡོད་པ་གསལ་བསྒྲགས་བྱས་ཡོད་ཅིང་། དེ་ནི་ཁོ་བོས་འཛད་སྤྱོད་པས་ཇི་ལྟར་བྱས་ནས་དངོས་ཟོག་འདྲ་མིན་ཉོས་ཏེ་འགྲོ་སོང་གཏོང་གི་ཡོད་མེད་དང་། སྤྱི་ཚོགས་སྟེང་གི་ཡོང་འབབ་གང་འདྲ་བེད་སྤྱོད་གཏོང་བ་དང་གསོག་འཇོག་བྱེད་པ། ང་ཚོས་དབུལ་ཕོངས་དང་བདེ་སྐྱིད་ཀྱི་གནས་བབ་ཇི་ལྟར་བྱས་ནས་ཚད་འཇལ་དགོས་མིན་བཅས་ཀྱི་ལྟ་གྲུབ་གསུམ་ཅན་གྱི་ལམ་ལུགས་ཤིག་གསར་གཏོད་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་གང་འདྲ་གོང་འཕེལ་གཏོང་བ་དང་དབུལ་ཕོངས་ཀྱི་དཀའ་ངལ་ཅི་འདྲ་བྱས་ནས་སེལ་ཐབས་བྱ་རྒྱུའི་ཐོག་བྱས་རྗེས་ཆེན་པོ་བཞག་ཡོད་སྟབས། ཐེངས་འདིའི་ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་ཕུལ་བ་ཞིག་ཡིན་ཅིང་། གཟེངས་རྟགས་དེ་ནི་འདི་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ སྟེ་ནོ་བྷེལ་གཟེངས་རྟགས་སྲོལ་གཏོད་པ་ཨལ་ཕེཌ་ནོ་བྷེལ་མཆོག་སྐུ་གཤེགས་པའི་དུས་དྲན་དང་བསྟུན་ཏེ། སུད་ཌན་རྒྱལ་ས་སི་ཌོག་ཧོམ་ (Stockholm) དང་ནོར་ཝེ་རྒྱལ་ས་ཨོ་སོ་ལོ་གཉིས་ནང་དུ་གཟེངས་རྟགས་འབུལ་བའི་མཛད་སྒོ་བསྡུས་ཏེ། གཟེངས་བསྟོད་ཕྱག་ཁྱེར་དང་མཉམ་དུ་ཨ་སྒོར་འབུམ་ ༩ ལྷག་(༩༧༥༠༠༠) གི་བྱ་དགའི་དངུལ་གནང་རྒྱུ་ཡིན་འདུག
ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱི་དྲུང་ཆེ་ཌོར་སི་ཌིན་པར་སན་ (Torsten Persson) ལགས་ཀྱིས། ཨན་གྷུ་སི་ཌེ་ཌོན་ལགས་ཀྱིས་ལོ་མང་ཉམས་ཞིབ་བྱས་ནས་བཏོན་པའི་གྲུབ་དོན་འདིས། ཉམས་ཞིབ་པ་གཞན་དང་རྒྱལ་སྤྱིའི་དངུལ་ཁང་སོགས་ཀྱིས། ཇི་ལྟར་བྱས་ནས་གཞི་རིམ་མང་ཚོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱས་ཏེ་རྒྱལ་སྤྱིའི་དབུལ་ཕོངས་ཀྱི་དཀའ་ངལ་སེལ་དགོས་མིན་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་སྟབས། གཟེངས་རྟགས་འདི་ཐོབ་ཡོད་པ་རེད། ད་ལྟ་ང་ཚོས་ཉིན་རེའི་དཔལ་འབྱོར་གནས་བབ་ཧ་མ་གོ་བར་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་ཡིན་སྟབས། ད་རེས་ཁོང་གིས་གཞི་རིམ་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་གང་ཡིན་མགོ་འཚོས་པ་བྱ་རྒྱུ་ནི། རྒྱལ་སྤྱི་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་རྩ་ཡིན་པ་གསལ་སྟོན་བྱས་ཡོད་སྟབས། འདིས་མ་འོངས་པར་རྒྱལ་ཁབ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་བསྐྲུན་སྲིད་པ་ཡིན། ཞེས་བརྗོད་འདུག
ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་ཐོབ་མཁན་ཨན་གྷུ་སི་ཌེ་ཌོན་ལགས་ཀྱིས། ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ངོས་ལ་གཟེངས་རྟགས་འདི་སྤྲོད་རྒྱུ་ཕྱིར་བསྒྲགས་གནང་བར་དགའ་ཚོར་ཆེན་པོ་བྱུང་། གཟེངས་རྟགས་འདི་ནི་འཛམ་གླིང་སྟེང་གི་དབུལ་ཕོངས་ཆེད་ལས་དོན་སྒྲུབ་མཁན་ཞིག་ལ་གནང་བ་ཞིག་ཆགས་ཡོད་སྟབས། ད་ལྟ་ངོས་ཀྱིས་རྒྱལ་སྤྱིའི་ཐོག་གི་ཆེས་ཉམ་ཐག་ཚོ་མུ་མཐུད་ཉམ་ཐག་གི་གནས་ལས་གྲོལ་རྒྱུར་རེ་བ་རྒྱག་བཞིན་ཡོད་པ་མ་ཟད། ང་ཚོས་དེའི་ཐོག་ཁ་ཡོད་ལག་ཡོད་ཀྱིས་ལས་འགན་འགྲུབ་དགོས་པར་ངོས་འཛིན་བྱེད་བཞིན་ཡོད། ཅེས་བརྗོད་འདུག
དཔལ་འབྱོར་རིག་པ་བ་ཨན་གྷུ་སི་ཌེ་ཌོན་ (Angus Deaton) ལགས་ནི། ཕྱི་ལོ་ ༡༩༤༥ ལོར་སི་ཁཱོ་ལན་ཌི་ཡི་གྲོང་ཁྱེར་ཨི་ཌིན་བྷག་ (Edinburgh) ནང་སྐྱེས་ཏེ། གྲོང་ཁྱེར་དེའི་ཆུང་འབྲིང་སློབ་གྲྭ་ཐོན་རྗེས། རྒྱལ་སྤྱིའི་སྙན་གྲགས་ཅན་གྱི་གཙུག་ལག་སློབ་ཆེན་ཁཱེམ་བྷེར་ཇི་ (Cambridge) ནས་དཔལ་འབྱོར་རིག་པའི་ཐོག་འབུམ་རམས་པའི་ལག་ཁྱེར་བླངས་ཡོད། དེའི་རྗེས་བྷེར་སི་ཌོལ་གཙུག་ལག་སློབ་ཆེན་ (Bristol) གྱི་དཔལ་འབྱོར་རིག་པའི་དགེ་རྒན་གྱི་ཕྱག་ལས་གཉེར་ཡོད། ཕྱི་ལོ་ ༡༩༨༣ ལོ་ནས་ད་བར་ཨ་རིའི་གཙུག་ལག་སློབ་ཆེན་པེན་སི་ཌོན་ (Princeton) ནང་དགེ་རྒན་གྱི་ཕྱག་ལས་གཉེར་བཞིན་ཡོད་ཅིང་། ཁོང་གི་ཕྱག་དེབ་གསར་ཤོས་ནི་ (The Great Escape: Health, Wealth and the Origins of Inequality) ༼འཐུས་ཤོར་ཆེན་མོ། འཕྲོད་བསྟེན་དང་རྒྱུ་ནོར། འདྲ་མཉམ་མེད་པའི་འབྱུང་རྩ།༽ཞེས་པ་ཡིན་འདུག
དབྱིན་ཡུལ་གྱི་གྷར་ཌིན་ཐོག་དཔལ་འབྱོར་རིག་པ་བ་ཇེན་ (Jean Dreze) ལགས་ཀྱིས། ཨན་གྷུ་སི་ཌེ་ཌོན་ལགས་ནི་ཁྱད་དུ་འཕགས་པའི་དཔལ་འབྱོར་རིག་པ་བ་ཞིག་ཡིན་པ་མ་ཟད། མཁས་དབང་དང་རྩོམ་པ་པོ་གྲགས་ཅན་ཞིག་ཀྱང་ཡིན། ཁོང་གིས་གསར་གཏོད་མཛད་པའི་ཉམས་ཞིབ་ཀྱི་གྲུབ་དོན་འདིས་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་འོད་སྣང་སྦྱིན་ཡོད་པ་མ་ཟད། མང་ཚོགས་ཀྱི་བསམ་བློའི་བློ་ཁ་ཡང་ཕྱེ་ཐུབ་པ་བྱུང་ཡོད་སྐོར་བརྗོད་འདུག
ཕྱི་ལོ་ ༡༩༠༡ ལོར་ནོ་བྷེལ་གཟེངས་རྟགས་ཐོག་མར་མགོ་འཛུགས་བྱས་ཡོད་ཀྱང་། ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་འདི། ཕྱི་ལོ་ ༡༩༦༨ ལོའི་རྗེས་སུ་མ་གཏོགས་སྤྲད་མེད་པ་རེད། ན་ནིང་ལོའི་ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་དེ་ཧྥ་རན་སིའི་དཔལ་འབྱོར་རིག་པ་བ་སྐུ་ཞབས་ཇན་ཌེ་རོལ་ (Jean Tirole) ལགས་སུ་སྤྲད་ཡོད་ཅིང་། དེ་ནི་ཁོ་བོས་གཞུང་འཛིན་སྐྱོང་བྱེད་མཁན་ཚོས་དམིགས་བཀར་ཁེ་ལས་ཆེ་ཁག་གི་གནས་སྟངས་ལ་གཞིགས་ཏེ། ཁྲོམ་རྭའི་ལམ་ལུགས་བཟོ་དགོས་པ་ལས་སྒེར་གཉེར་ཁེ་ལས་ལ་གཞི་བཞག་ནས་དཔྱ་ཁྲལ་འགེལ་བ་དང་། ཁྲོམ་རྭའི་འཕེལ་ཚད་གང་ཡིན་ཚོད་དཔག་བྱེད་མི་རུང་བའི་༼ཁྲོམ་རྭའི་ནུས་པ་དང་སྒྲིག་ཁྲིམས་༽ཞེས་པའི་ལམ་སྲོལ་ཞིག་གསར་གཏོད་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེས་དང་ཡུལ་ཐང་འཕར་ཆའི་དཀའ་ངལ་སེལ་ཐབས་ལ་ལེགས་སྐྱེས་ཆེན་པོ་ཕུལ་པར་སྤྲད་པ་ཞིག་ཡིན་འདུག
གསར་འགོད་པ། དོན་གྲུབ།