སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་ཚོ་ཧྲ་ཐག་ཐག་ཅིག་བྱུང་ན་ངོས་རང་འཆི་ཁར་བློ་བདེ་པོ་བྱས་ཏེ་ཤི་ཐུབ་ཀྱི་རེད།

༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་སྐབས། “ང་ཚོ་དབང་རྣོན་ཆོས་ཀྱི་ཆོས་ཀྱི་རྗེས་འབྲང་བྱས་ཏེ་ཕྱིན་ན་སངས་རྒྱས་པའི་བསྟན་པ་ལོ་བརྒྱ་ཕྲག་ཁ་ཤས་རིང་གནས་ཐུབ་པ་དང་། དབང་རྟུལ་དད་པའི་རྗེས་འབྲང་བྱས་ཏེ་ཕྱིན་ན་ལོ་ག་ཚོད་ཅིག་ལ་གནས་ཐུབ་མིན་ངས་བཤད་མི་ཐུབ” ཅེས་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད་པ་དང་། ཤེས་རབ་དགའ་འཚལ་སློབ་གླིང་གི་སློབ་མ་ཁག་ཅིག་གིས་རིག་ལམ་རྩོད་རྒྱུགས་སྤྱན་འབུལ་ཞུས་རྗེས། ༧གོང་ས་མཆོག་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་སྐོར་ཀློག་འགྲེལ་གནང་སོང་། དེ་རིང་ནི་༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ཆེད་དམིགས་ཀྱིས་ནང་ཆོས་ངོ་སྤྲོད་གནང་བའི་ཉིན་གསུམ་པ་དང་མཐའ་མ་དེ་ཆགས་ཡོད་པ་དང་། ནང་ཆོས་ངོ་སྤྲོད་ཐོག་བོད་རིགས་སློབ་མ་གཙོས་པའི་བཞུགས་སྒར་ཁུལ་གྱི་སེར་རྒྱ་མི་མང་དང་འཛམ་གླིང་ཤར་ནུབ་ནས་ཕེབས་པའི་ཆོས་ཞུ་བ་ ༧༠༠༠ ནས་ ༨༠༠༠ བར་འཛོམས་ཡོད་སྐོར་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་བརྗོད་སོང་།

༧གོང་ས་མཆོག་གིས་བྱང་ཆུབ་སེམས་འགྲེལ་ཀློག་འགྲེལ་གནང་རྗེས། སུ་ཇ་དང་དྷ་སྟེང་བོད་ཁྱིམ། གྷོ་པ་པུར་དང་སེ་ལ་ཀོལ་བོད་ཁྱིམ། དེ་བཞིན། སེང་གྷ་པུར་དང་མ་ལེ་ཤཱི་ཡ། ཐེ་ལན་ཌི་དང་ལྷོ་ཀོ་རི་ཡ་བཅས་ཀྱི་ཆོས་ཞུ་བ་རྣམས་༧གོང་ས་མཆོག་ལ་མཇལ་བཅར་སྐུ་པར་བསྒྲོན་སོང་། གསུང་ཆོས་ཀྱི་ཐོག་མར་༧གོང་ས་མཆོག་གིས་ཆོས་བརྒྱུད་ཁག་གི་ལྟ་གྲུབ་མི་འདྲ་བའི་སྐོར་གསུངས་དོན། སངས་རྒྱས་པའི་ཆོས་ཀྱི་རྒྱབ་བརྟེན་དེ་ལྟ་གྲུབ་ཆགས་ཡོད་པ་དང་། ཆོས་ལུགས་མང་ཆེ་བས་སོ་སོའི་ལྟ་གྲུབ་གསུང་གི་ཡོད་པ་རེད། དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཆོས་བརྒྱུད་ཚང་མའི་རྒྱབ་བརྟེན་དེ་འཇིག་རྟེན་བཀོད་པ་པོར་ཡིད་ཆེས་དང་དད་པ་བྱེད་པ་དང་། རྒྱ་གར་གྱི་འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཆོས་བརྒྱུད་ཁག་གིས་ལས་རྒྱུ་འབྲས་ཞེས་པའི་ལྟ་གྲུབ་ཀྱི་ཐོག་ནས་སྡུག་སྤོང་དགེ་སྒྲུབ་བཤད་ཀྱི་ཡོད་པ་རེད། བྱང་ཆུབ་སེམས་འགྲེལ་དེ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་དང་། གཞུང་དེ་རྒྱ་ཆེན་པོ་ཞེ་དྲགས་ཡོད་པ་དང་། མདོ་སྔགས་ཚང་མ་གནད་བསྡུས་པ་ཞིག་ཡིན་སྟབས། སློབ་ཕྲུག་ཚོས་ཞལ་འདོན་བྱེད་པའི་ཡིག་ཆ་དེ་བྱང་ཆུབ་སེམས་འགྲེལ་དང་། དེ་ནས་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་མཉམ་ལེན་བྱེད་སྟངས་སྐོར་གྱི་ཆོས་འབྲེལ་ཆགས་ཀྱི་ཡོད་པ་རེད། དེ་བོད་གངས་ཅན་ལྗོངས་སུ་དུས་ནས་དུས་སུ་ཡོང་གྲགས་བྱང་ཆུབ་སེམས་ལ་ངོས་འཛིན་པའི་རྒྱལ་སྲས་ཐོག་མེད་བཟང་པོའི་གཞུང་རེད།

དབུ་མ་རིན་ཆེན་ཕྲེང་བའི་ནང་། མངོན་མཐོ་སྒྲུབ་པའི་ཆོས་དང་ངེས་ལེགས་སྒྲུབ་པའི་ཆོས་ཞེས་གཉིས་གསུངས་ཡོད་པ་རེད། མངོན་མཐོ་སྒྲུབ་པའི་ཆོས་ཟེར་བ་དེ་མི་དགེ་བཅུ་སྤོང་དང་། མངོན་མཐོའི་ལུས་རྟེན་དམིགས་བསལ་གྱི་བཟང་པོ་ཡོང་ཐབས་སུ་ཆོས་དྲུག་བཅས་མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་གསུངས་ཡོད་པ་རེད། ཚང་མས་མཁྱེན་གསལ་ལྟར། མི་དགེ་བ་བཅུའི་ནང་ཆང་མི་འཐུང་བའི་སྐོར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གལ་ཆེན་པོར་གསུངས་ཡོད་པ་དང་། དགུང་བཅད་གསུངས་ཡོད་ཀྱང་། ནད་པར་གནང་བ་ཡོད་ནའང་། ཆང་རག་ལ་གནང་བ་ཡོད་པ་མ་རེད། བཅོམ་ལྡན་འདས་ཀྱིས་ཁོང་སྟོན་པར་བརྩི་མཁན་ཚོས་ཆང་རག་རྩྭ་རྩེའི་ཟིལ་པ་ཙམ་ཡང་འཐུང་མི་རུང་བ་གསུངས་ཡོད་པ་རེད། དེ་གསུངས་དགོས་པའི་རྒྱུ་མཚན་དེ་ཆོས་ཉམས་ལེན་བྱེད་མཁན་ཚོས་བསམ་བློར་འགྱུར་བ་གཏོང་དགོས་ཀྱི་ཡོད་སྟབས། བསམ་བློར་འགྱུར་བ་གཏོང་བར་རིག་པ་སངས་པོ་བྱས་ཏེ་བསམ་བློ་གཏོང་དགོས་ཀྱི་ཡོད་པ་རེད། དེ་མིན་ཆང་གིས་མྱོས་ནས་བསྡད་པ་ཡིན་ན། སྤྱིར་བཏང་འཇིག་རྟེན་མི་ཆོས་ལ་རྩིས་ཐང་མེད་པ་འདྲ་བོ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན། ཆང་མི་འཐུང་བ་དང་ལོག་སེམས་མི་སྐྱེ་པ། འཚེ་བ་མི་བྱེད་པ། ལོག་པར་མི་གཡེམ་པ། གང་ཐུབ་ཐུབ་ཀྱིས་གཞན་སྐྱོ་བོའི་རིགས་ལ་རོགས་རམ་བྱེད་པ་སོགས་གསུངས་ཡོད་པ་དང་། ང་ཚོ་བོད་པར་ཆ་བཞག་ནའང་རོགས་ཚོགས་མང་པོས་ང་ཚོར་རོགས་པ་བྱེད་ཀྱིན་ཡོད་པ་རེད། ཅེས་གསུངས་སོང་།

༧གོང་ས་མཆོག་གིས་སངས་རྒྱས་པའི་བསྟན་མི་རབས་ནས་མི་རབས་བར་གནས་དགོས་པའི་སྐོར་ལ། དེ་རིང་ང་ཚོ་ཚང་མས་མགོན་པོ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ཞུས་ཏེ། ཆོས་ནང་གསུངས་པ་ལྟར་ང་ཚོ་ཚང་མས་བྱེད་དགོས་པ་རེད། ངོས་རང་རྒན་པ་ཆགས་ཚར་རེད། ངོས་ཀྱི་ངོ་ཤེས་པ་ཚོའི་ནང་བྱང་ཆུབ་སེམས་ཉམས་ལེན་བྱེད་མཁན་མང་པོ་ཡོད་ལ། བྱང་ཆུབ་སེམས་ཉམས་ལེན་བྱས་ཏེ་ཕན་ཐོགས་བསྡད་པའང་མང་པོ་འདུག ཁྱེད་རང་ཚོ་དེའི་མཇུག་མཐུད་མཁན་རེད། སངས་རྒྱས་པའི་བསྟན་པ་ཟེར་བ་དེ་མི་རབས་ནས་མི་རབས་སུ་གནས་དགོས་ཀྱི་ཡོད་པ་དང་། ང་ཚོ་རང་དབང་ལུང་པར་བསྡད་ཡོད་སྟབས། རང་དབང་ལུང་པར་བསྡད་ནས་ཆ་རྐྱེན་དེ་དག་ཡོད་པ་དེ་ང་ཚོའི་ཁེ་ཕན་རེད། ཆ་རྐྱེན་དེ་དག་འཛོམས་པའི་ཐོག་ནས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཉམས་ལེན་བྱེད་རྒྱུ་ཞེ་དྲགས་གལ་ཆེན་པོ་རེད། ཅེས་གསུངས་སོང་།

 

༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་རེ་སྐུལ་གནང་དོན། ང་ཚོའི་མི་ཐོག་རྫོགས་འགྲོ་བཞིན་ཡོད་སྟབས། མི་རབས་རྗེས་མ་དེ་ཁྱེད་རང་ཚོ་རེད། སྐད་ཆ་དམར་པོར་བཤད་ན། ཁྱེད་རང་ཚོ་ལོ་བཅོ་ལྔ་ཉི་ཤུ་དང་། སུམ་བཅུ་ཙམ་ལ་བསླེབ་སྐབས། ངོས་རང་ཕལ་ཆེར་མེད་པ་ཆགས་འགྲོ་གི་རེད། ཁྱེད་རང་ཚོའི་མི་རབས་འདིས་སྔར་བགྲེས་སྲོང་ཚོས་འདི་ལྟར་གསུངས་སོང་བསམ་པ་ཞིག་སེམས་ལ་ཉར་དགོས་པ་དང་། བགྲེས་སོང་ང་ཚོའི་ལམ་སྟོན་ལ་བརྟེན་ནས་ཁེ་ཕན་འདི་དང་དེ་བྱུང་སོང་ཞེས་མི་རབས་རྗེས་མ་ཚོར་བཤད་དགོས་པ་དང་། མི་རབས་རྗེས་མ་ཚོས་དེའི་རྗེས་མ་ཚོར་ཤོད་ཐུབ་དགོས་པ་རེད།

ང་ཚོ་དབང་རྣོན་ཆོས་ཀྱི་ཆོས་ཀྱི་རྗེས་འབྲང་བྱས་ཏེ་ཕྱིན་ན་སངས་རྒྱས་པའི་བསྟན་པ་ལོ་བརྒྱ་ཕྲག་ཁ་ཤས་རིང་གནས་ཐུབ་པ་དང་། དབང་རྟུལ་དད་པའི་རྗེས་འབྲང་བྱས་ཏེ་ཕྱིན་ན་ལོ་ག་ཚོད་ཅིག་ལ་གནས་ཐུབ་མིན་ངས་བཤད་མི་ཐུབ་ཅེས་ཡོངས་གྲགས་སུ་བཤད་པ་ཡིན། ངོས་རང་ལོ་བརྒས་འགྲོ་བཞིན་ཡོད་སྟབས། ཉི་མ་ལ་བརྒལ་ཀྱི་མི་ཞིག་ཆགས་བསྡད་ཡོད་པ་རེད། མང་ན་ལོ་བཅོ་ལྔ་ཉི་ཤུའི་རྗེས་ནས་ཤི་འགྲོ་གི་རེད། ལོ་བརྒྱ་ལ་བསྡད་ནའང་ལོ་བཅུ་བདུན་བཅོ་བརྒྱད་ཙམ་མ་གཏོགས་ལྷག་ཡོད་པ་མ་རེད། དེའི་རྗེས་ལ་ཤི་འགྲོ་གི་རེད། དེར་བརྟེན། ངོས་རང་མ་ཤི་སྔོན་ནས་བློ་བདེ་པོ་བྱས་ནས་ཤི་ཆོག་པ་ཞིག་བྱེད་དགོས་ཀྱི་ཡོད་པ་རེད། ཁྱེད་རང་ཚོ་སློབ་གཉེར་གནང་མཁན་ཚོས་སློབ་གཉེར་ཐག་ཧུར་ཐག་འབད་ཐག་བྱས་པའི་ཐོག་ནས་ཉམས་ལེན་ཡག་པོ་ཞིག་བྱས་ཏེ། སངས་རྒྱས་པའི་བསྟན་པ་ལུང་རྟོགས་ཀྱི་བསྟན་པ་མུ་མཐུད་ནས་ཧྲ་ཐག་ཐག་ཅིག་ཡོད་སྙམ་པ་ཞིག་བྱུང་ན། ངོས་རང་འཆི་ཁར་བློ་བདེ་པོ་བྱས་ནས་ཤི་ཐུབ་ཀྱི་རེད། དེ་མིན་རྗེས་ཕྱོགས་ག་འདྲ་བྱུང་ཡོང་སྙམ་པའི་གནས་སྟངས་ཤིག་ཆགས་ན། ངོས་རང་སེམས་སྐྱོ་བྱས་ཏེ་ཤི་དགོས་པ་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད། ཅེས་ངོས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཤད་པ་ཡིན། ཁྱེད་རང་ཚོ་ངོས་ལ་དགའ་བོ་ཡོད་ན། ངོས་རང་ཤི་དུས་བློ་བདེ་པོ་ཡོང་བ་ཞིག་བྱེད་དགོས། མཁྱེན་སོང་ངམ། རྒྱལ་བ་རིན་པོ་ཆེས་རེ་འདུན་བཅངས་པ་ལྟར་ངས་སྒྲུབ་ཀྱིན་ཡོད། ད་ལྟའི་བར་བསྒྲུབས་པ་ཡིན། མ་འོངས་པར་ཡང་བསྒྲུབ་རྒྱུ་ཡིན་བསམ་པའི་སེམས་ཤུགས་སྐྱེད་དེ། བོད་ཀྱི་སངས་རྒྱས་པའི་ལྟ་གྲུབ་འདི་དངོས་གནས་དཔལ་ཎ་ལན་ཊའི་མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་བཤད་བཞག་ཡོད་པ་དེ་ང་ཚོ་བོད་པ་གཅིག་པུ་མ་གཏོགས་གཞན་སུ་གང་ལའང་ཡོད་པ་མ་རེད། མཁྱེན་སོང་ངམ། དེ་ཁྱེད་རང་ཚོས་མི་རབས་ནས་མི་རབས་ལ་བདག་པོ་རྒྱག་ཐུབ་པ་ཞིག་བྱེད་དགོས་པ་རེད། གོ་སོང་ངམ། ཞེས་སོགས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་དང་། ཨ་རིའི་མཛད་འཆར་གྱི་ཐོག་མར་བྱང་ཁ་ལེ་ཧྥོར་ནེའུ་ཡིའི་གཙུག་ལག་སློབ་ཆེན་ནང་། སྣ་ཚོགས་པའི་མཛེས་སྡུག་དང་ལེན་ (Embracing the Beauty of Diversity in our World) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༠༧

Leave a Reply