འཕྲིན། བོད་པ་ཚང་གི་ལས་ངན་ཁག་གཅིག་ལ་སྤྲིངས་པ།
སེམས་ཀྱི་གཤིས་པ་དར་པའི་མི་གཟུགས་འདིས།།
བེམ་པོ་དུར་ལ་འཕྱངས་པའི་ལས་དབང་ཞིག།
རུས་པ་མེ་ཡི་ཟོས་པའི་གཏམ་རྒྱུད་ཅིག།
གངས་ཅན་བོད་པ་ཚང་གི་སྐྱིད་སྡུག་བྱུང་།།
ཁྲག་དམར་མཚོ་མོ་དཀྱིལ་བའི་ཡོད་ཡུལ་ན།།
རྒན་བྱིས་དར་གསུམ་དབྱེར་མེད་ཉིན་མཚན་ཀུན།།
རེ་བའི་མིག་གི་རྒྱང་རིང་འགྲོ་བའི་མགོན།།
ཕེབས་པར་སྒུག་ཞོར་རང་གི་ཚེ་སྲོག་ཤོར།།
ཡུལ་གྱར་གྲོང་གི་ཁ་ཕོ་ཆེ་བ་ཚོས།།
རང་གི་ལྟོ་ཕོར་ཙམ་གྱིས་རྒྱག་གཏམ་གླེང་།།
བསྡོད་པའི་ཚུགས་ཀ་མི་མཐོང་བོད་ནང་གི།
སྤུན་ཟླ་དེ་ཚོ་དྲན་ན་ན་ཟུག་ལྕི།།
ངས་ཤེས་ངས་འཇོན་ཟེར་ཞིང་དབུ་མ་སྨད།།
ད་འགྲོ་ད་སྒྲུབ་ཟེར་ནས་རང་བཙན་བཤད།།
ཡོད་ཚད་རང་ཡིན་བསྒྲགས་ནས་རང་ཐག་གཅོད།།
ཀུན་གྱིས་གང་ཡང་མ་རྟོགས་སྙིང་རྗེ་ཡུལ།།
འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་གཙུག་གི་རྒྱན།།
གངས་ཅན་བོད་པ་ཚང་གི་འདི་ཕྱིའི་སྐྱབས།།
༧ཁོང་གིས་བསྟན་པའི་འཁྲུལ་མེད་དབུ་མའི་ལམ།།
ལས་ངན་བོད་པ་ཚང་གི་ངོས་མ་ཟིན།།
དབུ་མས་བསླུས་རབས་བཤད་མཁན་མང་ན་ཡང་།།
དབུ་མས་སྐྱོང་བའི་བཀའ་དྲིན་མི་ཤེས་པར།།
དབུ་མ་གླེང་གཞིར་འཛིན་པ་ལྐུགས་པའི་ཚོགས།།
དབུ་མ་མི་ཤེས་དབུ་མ་ཇི་ལྟར་སྨད།།
མདོར་ན་རྨོངས་པའི་ཞ་མོ་མ་འཕུད་བར།།
རང་གི་གང་བསམ་ཁ་ལ་ཅི་ཡང་དག།
གླེང་ཡང་ཁྱེད་ཅག་འགོག་མཁན་མེད་ན་ཡང་།།
ནམ་ཞིག་འགྱོད་པ་སྐྱེ་དུས་ཕྱི་དྲག་རེད།།
༢༠།༡༠།༠༨ཆུ་ཚོད་༠༠།༡༧སྟེང་བྲིས།