ཁྱེད་ཀྱིས་ ང་རང་ལ
ང་རང་ཁྱེད་ལ་དགའ་ཟེར་འཕོད་དམ
ཕལ་ཆེར ཁྱེད་ཀྱིས་སྤས་པའི་སེམས་ཁོང་ན
ང་རང་ཁྱེད་ལ་དགའ་བའི་ཉི་མ་ཡང་མི་ཆོད
གསུང་མ་འཕོད་པའི་སྐད་ཆ་དེ་ལུས་ཡོད་སྲིད
ཁྱེད་ཀྱིས གསུང་ན་འདོད་པའི་སྙིང་གཏམ་ཡོད་ཚད
ངའི་སྐྱེད་ཚལ་གྱི་ར་བ་དེ་ནས་ལྷོད་ལྷོད་ངང་
སྐེ་རུ་འཁྱིད་དེ སྤྲང་རྩི་ལྟ་བུའི་འོ་རེ་བྱེད་ཞོར
རང་དབང་གི་ཉི་མ་ཞིག་དབང་དུས
མཚམས་ལན་རེ ཁྱེད་ཀྱི་སེམས་ནང་དུ
ང་རང་གི་མི་ཚེ་འཕྲོ་བརླག་བྱིན་ཚར་བས
ཁྱོའི་མི་ཚེ་ལ་བར་ཆད་གཏོང་མི་འོས
དེ་ལྟར་སྙམ་པའི་བསམ་ཚུལ་གྱིས
ཁྱེད་རང་གོམ་བཀང་ཕྱི་རུ་ནུར་འགྲོ
འདྲིས་ཟབ་པའི་ཕན་ཚུན་གྱི་བྱེད་སྟངས
གནམ་འོག་གི་མི་སྤྱི་མཚུངས་ལྟར
བྱམས་བརྩེ་དང་དྲན་གདུང་གིས་འབུས་པའི་ལང་ཚོ
ཁྱེད་ཀྱིས ང་རང་ལ་མ་འོས
ལོ་དང་ལང་ཚོ་གང་ཐད་ནས དེ་ལྟར་བཤད་འདོད་ཀྱི་ཚུགས་ཀ
ངས་ག་ལེར་མཐོང་དུས དོན་དངོས་ཐོག
འཇིག་རྟེན་ན་གཏན་འཁེལ་བྱས་པའི་བྱ་བ་གང་ཡང་མེད་ཅེས
ངས་ཁྱེད་ལ་བཤད་ན ཁྱེད་ཀྱིས་བསམ་བློ་ལོས་གཏོང་
བརྩེ་བའི་སེམས་ནང་གི་གཤིས་ཀ་མངོན་པ་ལས
ཕྱི་ཚུལ་གྱི་ཡག་ཉེས་དེ སྐྱི་མོའི་གྲུབ་ཚུལ་མི་མཚོན
སྐྱི་མོ་ནི་རང་བཞིན་གྱིས་གཉེར་ནས་འགྲོ་མོད
སེམས་ནང་གི་བརྩེ་བ་ནི ནམ་ཡང་རྒས་རྒྱུ་མེད
ཁྱེད་ཀྱིས་སྐད་ཆ་འདི་གོ་དུས
ད་དུང་ཡང་ འཇིག་རྟེན་ན ཁྱེད་རང་ལ་བརྩེ་བའི་མི་ཞིག་ཡོད་པ་དྲན་ཐུབ
འཇིག་རྟེན་གནམ་འོག་ནས
ཁྱེད་ཀྱིས ང་རང་ལ་འཛུམ་མདངས་དེ་སྟོན་པར
མ་ཤི་བར ངས་ཁྱེད་ལ་ཡིད་ཆེས་བྱེད
འདྲིས་པའི་རོགས་ལོ་མ ཐག་རིག་རིང་གི་ཁྱེད

![Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]](https://tibettimes.net/wp-content/uploads/2026/10/Screen-Shot-2026-10-16-at-2.29.07-PM-360x180.png)


