འདི་ན་ཉམ་ཐག་བུ་ཡིས་ལམ་ཁ་རུ།།
ཉོན་རྨོངས་ཆགས་པའི་བུ་མོས་ཚུར་བསླུས་དེ།།
ཉིན་མཚན་སྲེད་པར་དུངས་པའི་ངན་སེམས་འདིས།།
བདེ་ལ་གཟིམ་པའི་སེམས་ཤིག་རྨིང་ནས་དཔེན།།
སྐྱུར་ནས་བྲོས་དེ་ཐར་ས་ཡོད་རེ་སྐན།།
གཉར་ནས་ཐོབ་བྱའི་གནས་ཚང་ཅི་ཡང་མེད།།
ཕྱི་ནང་ཁ་ཁར་གྱུར་བའི་ངང་ཚུལ་འདིས།།
སྲོག་གི་རལ་གྲི་རྣོ་པོ་རང་ལ་གཏད།།
འགྱུར་ལུགས་མི་འདྲ་ཚོར་བའི་མུན་ཀློང་དུ།།
གཤིས་ལུགས་མི་གཅིག་མི་ཡི་སྤྱོད་ཚུལ་ཏེ།།
རྣམ་པ་ཐ་དད་སེམས་ཀྱི་འཁོར་ཚུལ་འདིས།།
སྒྱུ་མའི་མནར་སྡུག་འདི་ཡིས་ནང་སེམས་སྟོང་།།
རྣམ་ཤེས་སྒྱུ་འཕྲུལ་སྲས་མོའི་བཞིན་རས་སུ།།
ཡུན་རིང་ཧད་དེ་ལུས་པའི་གཟུགས་མེད་པོ།།
མནར་སྡུག་ཁྲི་འབུམ་བརྣག་གི་འཐག་པ་ནས།།
གྲིབ་གཟུགས་གཡོན་པོ་འཁོར་བའི་ཚང་དུ་ལྷུང་།།
སྣ་ཚོགས་སྐད་རིགས་འདྲིས་མའི་དབྱངས་རྟ་ཞིག།
རྒྱུས་མེད་རི་གྲོང་ཞིག་གི་འདུས་མདོ་རུ།།
རླུང་བུའི་ཤུགས་ཀྱིས་བསྒུལ་ཏེ་གྲགས་འོང་དུས།།
རང་སྐད་རྣལ་མའི་ཐ་སྙད་ཆུ་ལ་བསྐུར།།
གཤོག་ཟུང་བྲག་ལ་བརྡབ་པའི་ཉིན་མོ་ནས།།
འཕུར་འདོད་སེམས་ཤུགས་ཟབ་མོ་བརྟན་གྱུར་ཀྱང།།
རྒོད་པོ་རྨས་པའི་གཤོག་སྒྲ་རླུང་གིས་ཟོས།།
རྨ་ཁ་གསོས་ཀྱང་ནམ་འཕང་གཅོད་ཐུབ་མེད།།
ལྷ་འདྲེ་མཉམ་གནས་སེམས་ཀྱི་དཀྱིལ་འཁོར་དུ།།
མེ་ཡི་ཟོལ་གྱིས་འབར་བ་ཆགས་པའི་བུ།།
བྱང་སེམས་སྙིང་རྗེ་ཆུ་ཡིས་བརླན་གྱུར་ན།།
ཁྱེད་ཀྱི་སྡུག་བསྔལ་སྲེལ་བར་ཕན་པ་ཡོད།།
དགེ་སྡུག་་སྲང་ལ་འཇལ་བའི་ཕར་ནང་དུ།།
ལས་འབྲས་ཚུར་ལ་ཕྱོགས་པའི་སྔ་གཞུག་ན།།
ལྐོག་གྱུར་བྱེད་ངན་ཅི་ཞིག་བྱས་ན་ཡང་།།
རྒྱུས་མེད་ཞིང་ཁམས་དེ་ནས་ཐར་ས་མེད།།
མ་གསང་དྲང་བོའི་གཏམ་ལ་སྐྱབས་མེད་པ།།
དེ་ལྟར་མ་བསམ་བདེན་པའི་མཐའ་ལ་སྟུག།
ཟོལ་གཏམ་སྙན་ཡང་མི་སེམས་བསླུ་བྱེད་པས།།
རིང་དུ་བོར་དང་རང་གཞན་ཚང་མར་དགེ།
ཁྱེད་ཀྱིས་རང་ཉིད་བསླུས་པ་རྩིས་ལོངས་མེད།།
མིག་ཟུང་ཕྱེ་ནས་མདུན་རྒྱབ་ཚང་མར་ལྟོས།།
ཡངས་པའི་གནམ་འོག་འདི་ཡིས་མི་ཚེ་ལ།།
དོན་སྙིང་ཡོད་མེད་སོ་སོ་རེག་ལས་ཡོད།།