བདེན་དོན་ཆེད་དུ་ཉིན་མཚན་ལྷོད་མེད་དུ།།
ཕྱག་གཉིས་སྙིམ་པར་སྤྱར་ནས་གང་ས་རུ།།
ང་ཡི་མི་དམངས་སྐྱོབས་རོགས་ཟེར་ནས་ཞི་འབོད་ཀྱིས།།
འཛམ་གླིང་མི་དམངས་གཉིད་ལས་སློང་ཡོད་ཀྱང་།།
བོད་རིགས་འདི་དག་རྨོངས་གཉིད་ད་ལྟ་ཡང་།།
མ་སངས་ཁོང་ལ་བཀལ་བའི་ལས་འགན་རིགས།།
ལྕི་ནས་ལྕི་རུ་འགྲོ་བ་ལས་གཞན་དེ།།
ཡང་རུ་འགྲོ་རྒྱུར་མེད་པ་མཐོང་དུས་སུ།།
མི་ཆུང་སེམས་པ་གས་ཁ་སྟོང་ཕྲག་ཤོར།།
བོད་ལ་བཀའ་དྲིན་ཆེ་ཡང་མི་ཤེས་ཤིང་།།
བོད་ལ་བདེན་དོན་བཤད་ཀྱང་མི་གོ་བས།།
བོད་ལ་ཚེ་སྲོག་ཕུལ་ཡང་སྣང་མེད་རེད།།
འདི་འདྲའི་ལས་ངན་མི་རིགས་ཐབས་སྡུག་ཞིག།
རང་གི་ནང་ལ་བསྐོར་ན་བློ་ཁོག་ཆེ།།
ཕྱི་རོལ་དགྲ་ལ་ཐུག་ན་ཁ་ལྕེ་ལྐུགས།།
འདི་འདྲའི་སྡར་མ་མང་བོ་མེས་པོ་དང་།།
དཔའ་བོ་དབའ་མོ་མང་བོ་བཞུད་ཤུལ་དུ།།
ཁ་ལ་ཡོངས་པའི་རྒྱགས་གཏམ་འཆད་རྒྱུ་མང་།།
ལག་ན་མེད་པའི་བསམ་ཚུལ་འདོན་རྒྱུ་མང་།།
དེ་འདྲ་ཨེ་རེད་ཨ་རིག་གླེན་པ་ལགས།།
གླེན་པའི་གླེན་པ་མཐོང་ན་དགད་མོ་འཆོར།།
གླེན་པའི་གླེན་པ་འཕྲད་དུས་སྙིང་གཏམ་མང་།།
གླེན་པའི་གླེན་པ་མི་བཙོང་གནའ་བོའི་སྲོལ།།
གླེན་པའི་གླེན་པ་མི་བསླུ་ལྷ་སྒྲུང་མོད།།
གླེན་པའི་གླེན་པ་སེམས་པ་གཙང་མ་ཡིན།།
གླེན་པའི་གླེན་པ་གླིང་གི་དྲ་ཚིགས་ཤིག།
གླེང་རིན་ཡོད་པའི་སྐད་ཆ་མི་ཉུང་བ།།
ད་ནས་དུས་ཚོད་ཡོད་དུས་བཤད་དུ་ཤོག།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།