ང་རང་ སྐྱེ་བ་ནས་བོད་པ་རེད་འདུག
ད་དུང་ཡང་བོད་པ་རེད མ་ཤི་བར་དུ་ང་རང་བོད་པ་ཡིན
སུས་ཀྱང་འགྱུར་བ་གཏོང་མི་ཐུབ
དེ་ནི་བཙན་པོའི་དབང་དང་ཕྱུག་པོའི་ནོར
གང་གིས་ཀྱང་ ང་རང་བསྒྱུར་མི་ཐུབ
ང་རང་སྐྱེ་དུས་ནས་བོད་པ་རེད དེ་དང་འགྲོག་ནས་ངའི་ཕ་མའི་ང་ལ་བོད་སྐད་བསླབ
ངས་ཀྱང་བོད་སྐད་བཤད འདི་ནི་ང་ལ་སུས་ཀྱང་བཙན་དབང་བྱས་པ་མིན
ད་ནི་ང་རང་ལ་དེ་དག་བཤད་དབང་ཞིག་ཀྱང་མི་སྟེར་བ་འདི
ང་རང་ལ་ནོར་འཁྲུལ་ཡོད་མི་སྲིད ང་སྐྱེ་ས་བོད་ཡིན་ལ
ངས་བཤད་བཞིན་པའི་སྐད་ཆ་ཡང་བོད་སྐད་ཡིན
འདིས་ང་རང་ལ་དྲོད་ཁོལ་སྟེར་བཞིན་ཡོད ངས་སྐད་ཆ་འདི་བཤད་ངེས་ཡིན་ལ
འདི་བཤད་པར་ང་རང་ལ་ཁྲིམས་འཇོག་མཁན་དེར་ངས་བརྩི་བཀུར་བྱེད་མི་འདོད
འཛམ་གླིང་འདིར་སྐྱེ་འགྲོ་སྟོང་ཕྱུར་མང་བོ་ཡོད མི་རིགས་རེ་རེ་ལ་སྐད་རིགས་རེ་རེ་ཡོད
དེ་དག་ལོངས་སུ་སྤྱོད་དབང་མི་རིགས་སོ་སོ་ལ་ཡོད་པ་བཞིན
ང་རང་ལ་ཡང་རང་གི་སྐད་རིགས་བཤད་དབང་ཡོད་དགོས
ང་རང་སྐྱེ་བ་ནས་ཤི་རོགས་བར་དུ་བོད་པ་ཡིན
ང་ལ་ཐོབ་པའི་ལུས་འདི་བོད་ལུས་ཡིན
ང་ལ་ཐོབ་པའི་སྐད་རིགས་དེ་ཡང་བོད་སྐད་ཡིན
ང་ལ་ཐོབ་པའི་ཡི་གེ་དེ་ཡང་བོད་ཡིག་ཡིན
མ་ཤི་བར་དུ་ང་རང་བོད་པ་ཡིན འདི་ལ་སུས་ཀྱང་འགྱུར་བ་གཏོང་མི་ཐུབ