དྲ་གྲོགས་རིགས་མཐུན་ཉེ་ཞིང་སེམས་གཏམ་བརྗོད།།
སེམས་ཀྱི་འདུས་པ་གཞུར་བའི་བར་དོ་ནས།།
ཕན་ཚུན་བོད་ལས་གླེང་བའི་གྲོས་མོལ་ཁྲོད།།
བརྩེ་བའི་དངས་མ་སྐད་ཆའི་གདངས་སུ་འཕོས།།
གྲོགས་ཁྱེད་གཉིས་ཀྱི་ང་ཡི་སྙན་ངག་དེ།།
ཨ་ཐང་ཆད་པའི་བསྐོར་ནས་སེམས་འཁུར་གྱིས།།
ལྷོད་མེད་སེམས་ཀྱི་དབུས་སུ་འཕྲེང་བའི་གཏམ།།
ཐོས་པ་ཙམ་གྱིས་ཡིད་དུ་བདེ་བ་སྤྱིན།།
ཁྱེད་གཉིས་ལྟ་བུ་ལ་རྒྱ་ཅན་ཞིག་དང་།།
ཁྱེད་གཉིས་ལྟ་བུ་བོད་ཞེན་ཡོད་པ་དང་།།
ཁྱེད་གཉིས་ལྟ་བུ་དུས་ཐོག་ཕེབས་མཁན་ཞིག།
ཉུང་བའི་བོད་ཀྱི་ལས་དབང་འདི་ཉིད་སྐྱོ།།
ཡིན་ཡང་ལས་ཀྱི་དབང་གི་བོད་དུ་སྐྱེ།།
འདོད་ཀྱང་མི་འདོད་བྱེད་ས་གཏན་མེད་པར།།
འཆི་བདག་བཙན་པོའི་འཁྲིད་དེ་མ་སོང་བར།།
རང་རང་ནུས་པའི་སྲི་ཞུ་བོད་ལ་ཞུ།།
རང་རིགས་བོད་པ་ཚོ་ལ་གྲོས་རེ་འདེབས།།
རང་རིགས་ན་གཞོན་ཚོ་ལ་གཏམ་རེ་གླེང་།།
རང་རིགས་དབའ་བོ་དག་ལ་རྗེས་དྲན་བྱེད།།
སླེབས་ཉེ་སླེབས་ཟིན་ལོ་སར་མྱ་ངན་ཞུ།།
མདོ་དབུས་ཁམས་གསུམ་བོད་མི་ཡོད་ཚད་ལ།།
ཆིག་སྒྲིལ་སྲ་བརྟན་གཏོང་བའི་གདངས་དབྱངས་ཤིག།
ལྷད་མེད་སེམས་ཀྱི་ཅོང་སྒྲ་རྒྱང་ནས་སྒྲོག།
ཐོས་པའི་བུ་གར་རེ་ལ་ཕན་ངེས་ཡིན།།
དེ་ལྟར་ཨེ་རེད་རིགས་མཐུན་སྤུན་ཟླ་གཉིས།།
དེ་ལྟར་ཨེ་འདོད་འགྱུར་མེད་བརྩེ་སེམས་ཅན།།
དེ་ལྟར་ཨེ་བསམ་རིགས་ཀྱི་སྲུ་ཞུ་བ།།
དེ་ལྟར་ཨེ་འགྲུབ་ང་ཚོས་གང་ཐུབ་བྱེད།།