དང་བོ་མ་གོམ་པའི་སྡུག་བསྔལ།
གོམ་ནས་མ་འཇོན་པའི་སྡུག་བསྔལ།
འཇོན་ནས་མ་ཐོབ་པའི་སྡུག་བསྔལ།
ཐོབ་ནས་མ་གསོག་པའི་སྡུག་བསྔལ།
གསོག་ནས་མ་འདང་བའི་སྡུག་བསྔལ།
དང་བོ་མ་རིག་པའི་དཀའ་ངལ།
རིག་ནས་མ་འཕྲད་པའི་དཀའ་ངལ།
འཕྲད་ནས་མ་འདུས་པའི་དཀའ་ངལ།
འདུས་ནས་ཁོམ་མེད་ཀྱི་དཀའ་ངལ།
ཁོམ་ཡང་ཚིམས་མེད་ཀྱི་དཀའ་ངལ།
དང་བོ་དྲན་གདུང་གི་སུན་སྣང་།
བར་དུ་གྱེས་བྲལ་གྱི་ཟུག་རྔུ།
མཐའ་མར་འཆི་བ་ཡི་མྱ་ངན།
བསགས་བསགས་སྒྲུབ་སྒྲུབ་ཀྱི་འབྲས་བུ།
སྤྱོད་པའི་རང་དབང་དང་བྲལ་འགྲོ
༡༠།༢།༠༩
དྲ་གྲོགས་བསེ་རུ་ལགས། དངོས་ནས་ཡག་པོ་ཞིག་བྲིས་འདུག
སོང་ནས་ཟད་པ་རང་མི་འདུག།
བསྡན་ནས་བསྡོད་ཚོད་ཅིག་མི་འདུག།
བཙལ་ནས་རྙེད་རྒྱུ་ཞིག་མི་འདུག།
མི་འདུག་འཁོར་བ་འདིར་མི་འདུག།
བརྟག་ན་ཕ་མ་ཡང་དགྲ་རེད།།
ཉན་ན་བརྩེ་རོགས་ཡང་དགྲ་རེད།།
ཤེས་དུས་རང་ཉིད་ཀྱང་དགྲ་རེད།།
དགྲ་ལ་ངོ་ཡ་རང་མི་འདུག།
རྒྱང་ནས་བལྟས་ན་ཡང་སླ་གི།
གམ་དུ་སླེབས་དུས་ཀྱང་སླ་གི།
ལག་ལེན་དངོས་ཐོག་རང་བྱེད་དུས།།
མི་ཚེ་དཀའ་སྡུག་གི་འཁོར་ལོ།།
བཤད་ན་ངག་ལ་རང་བདེ་བ།།
གླེང་ན་བརྗོད་གཞི་རང་མཛེས་པ།།
ལས་འབྲས་དཀར་ནག་གི་རྡེའུ།།
ཚེ་འདི་འཆིང་བྱེད་ཀྱི་གཞི་རེད།།
འཁོར་བ།
དཀའ་སྡུག་སྣ་ཚོགས་ཀྱི་རི་མོ།།
ལས་དབང་ཐོད་རིས་སུ་བབས་པས།།
མྱ་ངན་ཟུག་རྔུ་སོགས་མང་ཡང་།།
ཆོས་ཉིད་བཅོས་ཐབས་ཤིག་ཨེ་ཡོད།།
འཁོར་བ་འཁོར་ལོ་བཞིན་འཁོར་དུས།།
སྡུག་བསྔལ་རླབས་ཕྲེང་བཞིན་གཡོ་དུས།
བདེ་སྐྱིད་ཆུ་རིས་བཞིན་ཡལ་དུས།།
འཁོར་བར་ཞེན་ཆགས་ཤིག་མ་སྐྱེས།།
དལ་འབྱོར་མི་ལུས་ཤིག་ཐོབ་པས།།
རྣམ་ཤེས་གཟུགས་ཕུང་དང་འགྲོགས་ཤིང་།།
འཇིག་རྟེན་འཚོ་ལམ་གྱི་སྟེང་ལ།།
ཞབས་རྗེས་དཀར་པོ་ཞིག་ཞོག་དང་།།
རྣམ་ཤེས་གཟུགས་ཕུང་དང་བྲལ་ཡང་།།
རྣམ་དཔྱོད་ལང་ཚོ་དེ་མི་འཇིག།
རྣམ་རིག་རྒོད་པོ་དེའི་གཟི་བྱིན།།
འཇིག་རྟེན་གོ་ལ་འདིར་ཞོག་དང་།།
ཤ་ཁྲག་རུས་གསུམ་དེ་དོར་ཡང་།།
རིན་ཆེན་རྣམ་དཔྱོད་ཀྱི་ཕ་ལམ།།
མི་རིགས་རིག་གཞུང་གི་རྒྱན་དུ།།
ཇི་སྲིད་ནམ་གནས་བར་ཞོག་དང་།།
དུག་གསུམ་སྙིང་རྗེ་ཞིག་བྲལ་བས།།
སེམས་ཉིད་འཁོར་བ་རུ་བཅུག་ཐལ།།
འཁོར་བའི་ལྩགས་སྒྲོག་ལས་བསྒྲལ་ཕྱིར།།
ཐབས་ཤེས་ཟུང་འབྲེལ་ལ་འབད་དང་།།