རིང་ནས་སེམས་ཀྱི་གཏིང་སར་གནས་བཅའ་བའི།།
སྙིང་གི་གཅེས་ནོར་ཡིད་བཞིན་དབང་གི་རྒྱལ།།
སྐུ་ཚེ་མི་ཞུགས་ཡུན་དུ་བརྟན་གྱུར་ཚེ།།
བོད་མིའི་འདི་ཕྱི་གཉིས་ཀྱི་ལམ་ཁ་བདེ།།
ཉིན་མཚན་འཕྲེང་ལ་རྒྱུས་པའི་བར་རོལ་དུ།།
སྐུ་ཡི་གསུང་གསུམ་མཛད་པ་དྲན་ཐེངས་རེར།།
སེམས་ཀྱི་མེ་ཏོག་འདི་ལ་འཛུམ་ཞིག་རྒྱས།།
བསྡོད་མེད་ཁོམ་མེད་ལུས་ཀྱི་བྲེལ་ན་ཡང་།།
ནང་གི་ངལ་གསོ་ཞི་བའི་ལྷོད་དུ་འབབ།།
བསམ་ཞིང་བསམ་ཚེ་འདི་ཉིད་སྐུ་མདུན་ལགས།།
ཉིད་ཀྱིས་བྱིན་རླབས་ཡིན་པར་ཐེ་མ་ཚོམ།།
ད་ནས་འཆི་གསོན་གང་དུ་གནས་གྱུར་ཀྱང་།།
བསྐལ་བ་ཇི་སྲིད་བར་དུ་རྗེས་བཟུང་དེ།།
བློ་དམན་སློབ་མིང་ཐོབ་པ་བོད་ཀྱི་བུ།།
ང་དང་བཅས་པའི་འགྲོ་བ་ཡོད་དོ་ཅོག།
ཐར་བའི་ལམ་སྣེ་མ་ཟིན་དེ་སྲིད་དུ།།
ཐུགས་རྗེ་སྤྱན་གྱིས་མ་འདོར་ཐུགས་རྗེ་ཅན།།
ཕྱག་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་བོ་སྟོང་།།
སྤྱན་སྟོང་བསྐལ་བ་བཟང་བོའི་སངས་རྒྱས་སྟོང་།།
གང་ལ་གང་མདུད་དེ་ལ་དེར་སྟོན་པ།།
བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།
༡༤།༣།༠༩