རི་མོ་ཞིག་ཡིན་པའི་དབང་དུ་བཏང་ན། ངས་ཁྱེད་ཀྱི་སྐད་ཆ་དག་བདག་གི་སེམས་ཁོང་གི་བརྩིགས་ངོས་སུ་བྲིས་ཡོད། འབྲི་ཚུལ་དེ་ཡང་སེམས་དང་རུས་པའི་གསེང་ནས་བྲིས་ཡོད། འབྲི་ལུགས་དེ་ཡང་ཁྱེད་ཀྱི་སྐད་ངག་གི་མཛེས་པ་དང་། ཁྱེད་ཀྱི་རྣམ་དཔྱོད་ཀྱི་སྐད་ཆ། ཁྱེད་ཀྱི་འདས་མ་ད་གསུམ་གྱི་ལམ་སྟོན་བཅས་ལ་བརྟེན་ནས་བྲིས་པ་ཡིན།
ཁྱེད་རང་གང་དུ་སོང་ན་ཡང་། ང་དང་ང་ལྟ་བུ་སོགས་ནམ་ཡང་བརྗེད་མི་སྲིད་ལ། བརྗེད་མི་སྲིད་པ་ཡང་ང་རང་སེམས་གཏིང་ནས་ཡིད་ཆེས་གཙང་མ་ཡོད། ཡིད་ཆེས་དེ་ནི་ང་ལ་གཞན་གྱིས་ཀུ་རེ་ཁྲོད་ནས་རྙེད་པ་མིན་ལ། ཁྱེད་རང་དངོས་སུ་ངོ་ཤེས་ནས་བྱུང་བ་ཡིན། ཡིད་ཆེས་དེ་ཡི་ཆེད་དུ་ང་ལ་ཐོག་པ་མེད་པའི་ཆོད་སེམས་ཤིག་ཀྱང་ཡོད། དེ་ཡི་ཕྱིར་དུ་ངས་ཅི་ཡང་བྱེད་སྲིད་པ་ཡིན། བྱེད་སྲིད་པ་དེ་དག་ཡང་ལེགས་པའི་ཆ་ཁོ་ནའི་ཆེད་དུ་ཡིན་ཆོག་ཆོག་ལོས་ཡིན། རྒྱུ་མཚན་ནི་དེ་དག་གི་ཡོངས་ཁུངས་ཁྱེད་ཉིད་ཁོ་ན་ཡིན་པས་རེད།
རི་བོ་ག་ཚོད་མང་བོ་མང་བོ་ཞིག་འུ་གཉིས་ཀྱི་བར་ན་ཡོད་ཀྱང་། མྱི་ཁ་ག་ཚོད་འདྲ་མིན་ཞིག་ངས་ཐག་རིང་ནས་གོ་ན་ཡང་། ངས་ཁྱེད་ལ་བཅིངས་པའི་ཡིད་ཆེས་ནི་ནམ་ཡང་འགྱུར་དུ་མེད། བསྐལ་བའི་བར་དུ་བརྗེད་པ་མེད་ཟེར་ན་དཀའ་ཡང་། ངའི་སྣང་ཤེས་འདི་འགག་རེག་བར་དུ། ངའི་ཚེ་སྲོག་འདི་ས་ཆུ་མེ་རླུང་གང་རུང་གི་ཁ་ཟས་སུ་མ་གྱུར་བར་དུ། ངས་ཁྱེད་རང་ཁོ་ན་སེམས་ཁོང་དུ་བཟུང་ཡོད། འཛིན་སྟངས་དེ་ཡང་མི་གཞན་གྱིས་སྐུལ་ལོངས་བྱས་ནས་བྱུང་བ་མིན། ཁྱེད་རང་དངོས་སུ་ངོ་ཤེས་པ་ནས་ཁྱེད་ཀྱི་ཐག་ཉེ་སར་བཅར། ཁྱེད་ཀྱི་གམ་ནས་གདམས་བསྔགས་མི་ཉུང་བ་ཞིག་ཉན་པས་ཡིན།
ཁྱེད་རང་རྒས་ཚུལ་དེ་མཐོང་ནས་འོང་དུས། ང་རང་ལ་དངོས་ནས་སེམས་པ་སྐྱིད་པོ་ཞིག་མེད་ཀི ཡིན་ཡང་། སྐྱེ་རྒ་ན་འཆི་ནི་ལྡོག་དུ་མེད་པའི་འགྲོ་བ་སྐྱེ་འགྲོ་ཡོངས་ཀྱི་ལས་དབང་དུ་ཤེས་དུས། ང་ལ་སྐྱོ་བ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་། ནམ་ཞིག་མི་འདོད་ཀྱང་ལྡོག་དུ་མེད་པ་ནི། ཁྱེད་རང་བདག་དང་ཁ་གྱེས་རྒྱུ་ཉེག་གཅིག་རེད། གཅིག་བྱས་ན་ང་རང་སྔོན་དུ་འགྲོ་སྲིད། ང་རང་སྔོན་དུ་བུད་སོང་བ་ཡིན་ན་ནི། དེ་འདྲའི་བསྐལ་བ་བཟང་བོ་ཞིག་གང་ན་ཡོད། མ་མཐའ་ཡང་ངའི་མིང་ཙམ་ཞིག་ཁྱེད་ཀྱི་དྲུང་དུ་འབྱོར་ཁོ་ཐག་ཡིན།
ཉིད་ཀྱི་སེམས་ཁོང་དུ་ཁྱེད་ཞིག་ཡོད་པ་ཡིན་ལ། བདག་གི་སེམས་ཁོང་དུའང་ཁྱེད་ཞིག་ཡོད་པ་དེ་གླེང་བ་དེར་ཉིད་ནས་ཤེས་འདོད་ཡོད་རབས་གསུངས་ཀྱི་འདུག ཡིན་ཡང་། ངའི་སེམས་ཁོང་གི་ཁྱེད་དེ་ནི་ཉིད་ནས་ཚོད་དཔག་གི་ལམ་ནས་མུ་མཐུད་དུ་ཀློག་རོགས་ཞུ།
གྲོགས་པོ་ཁྱེད་ཀྱིས་ང་དང་ཁྱེད་ཅེས་ཞེ་དྲག་འབོད་སོང་། ངས་འབོད་ས་ངོ་མ་སུ་ཡིན་ཤེས་འདོད་འདུག དེ་འདྲ་སོང་ཙང་ཁྱེད་ཀྱིས་གསུངས་རོགས་གནང་།