འཕུར་བའི་བྱ་ཞིག་ད་ནིངས་སྔ་བོ་ནས་མཐོང་སོང་།།
ནུར་བའི་རུས་སྤལ་ཁ་སང་དགོང་མོ་ནས་རིག་སོང་།།
མྱི་གཤིས་རྩྭ་ལ་འཐིམ་པ་དེ་རིང་ནི་མཐོང་སྐབས།།
སེམས་ཀྱི་གསེང་ལ་ཟེར་ཟུག་སྟོང་ཕྲག་གིས་གནན་བྱུང་།།
ཉིན་དང་ཟླ་བ་མཐུད་ནས་ལོ་ངོ་ལ་བརྒྱུས་ཤིང་།།
ཁྲག་དང་ཁུ་བ་བསགས་ནས་ཤ་རྡོག་ལ་གྲུབ་དེ།།
རིན་ཆེན་མི་ལུས་ཞེས་པའི་སྨྲ་ཤེས་རུ་སྐྱེ་ནས།།
སྙིང་རྗེ་བརླན་དང་བྲལ་བ་སྙིང་རྗེ་ཡི་ཡུལ་རེད།།
བོས་ན་ཨ་ལན་མེད་པའི་བྱིས་པ་ཞིག་ཡོད་ལ།།
སྐུལ་ན་ཡ་ལན་མི་སྟེར་གཞོན་པ་ཡི་ཚོགས་ཤིག།
བརྩི་བཀུར་ཤ་ཞེན་བྲལ་བའི་བགྲེས་པོ་ཡི་རིགས་ལ།།
ཆུང་བཀུར་ཆེ་བྱམས་མེད་པའི་ཁོར་ཡུག་འདིར་སུན་སོང་།།
རྒྱུ་དང་ལང་ཚོ་ཡོད་ཀྱང་བཀོལ་སྟངས་ནི་མི་ཤེས།།
ཟས་དང་གནས་མལ་བཟང་ཡང་ཡོད་སྣང་རང་མི་ཤར།།
ཁོམ་དང་ངལ་གསོ་མེད་པའི་བྲེལ་ཟིང་གི་འདུར་རྒྱུགས།།
གང་བྱས་སྙིང་བོ་བྲལ་བའི་འཁོར་བ་འདི་སྐྱོ་བྱུང་།།
བལྟས་ན་ཡོད་ཡོད་འདྲ་བའི་སྒྱུ་མ་ཡི་འཁྲུལ་གཞི།།
བཙལ་ན་གང་ཡང་མེད་པའི་སེམས་ངོགས་ཀྱི་སྣང་ཚུལ།།
བྲིས་པའི་གཟུགས་ལ་ཕབ་ན་རྫོགས་མཐའ་ནི་མེད་པས།།
རེ་ཞིག་ངལ་བའི་ཚུལ་དུ་འདི་ག་ནས་བཞག་ཆོག།
༡༤།༨།༡༡ལ་བྲིས།
ཡ་་ཡ་་ བསྟོད་ནོ་དགའ་ནས་གནམ་མཆོང་བརྒྱབས་དེ་བསྡད་ཡོད།
ངེས་འབྱུང་སྐྱེས་ནོ་བཟང་གི