གཅིག་གིས་ཐོས་པ་བརྒྱ་ཡིས་མ་ཐོས་ལ།།
བརྒྱ་ཡིས་རིག་པ་གཅིག་གིས་མ་མཐོང་བའི།།
གཅིག་སེམས་བརྒྱ་ལ་འཕོ་བ་དཀའ་ན་ཡང་།།
བརྒྱ་ཡི་སེམས་ལ་བཟོད་མེད་ཟུག་རྔུ་བཞག།
ལོ་རྒྱུས་ཉེག་ཁའི་ཉི་མ་བཞིན་དུ་འདར།།
རང་དབང་ཆུ་མོའི་ཁ་ཡི་ཝུ་བ་ལྟར།།
རིགས་ཀྱི་གོམ་གཤིས་མུ་མེད་ཐང་ན་ལྡོམ།།
འདི་དག་མ་གཟོད་ཁྱེད་ཚོ་བུད་ནས་ཐལ།།
རྩིས་འདང་ཤ་ཁྲག་རུས་ལ་མི་ཡིས་བྱེད།།
རང་ཁེ་འགྲོ་བ་མི་ཡིས་དེ་བས་གཉེར།།
དུས་རྒྱུན་ཁ་ལྟོའི་ཆེད་དུ་འདུར་བ་ཡིས།།
རིགས་རུས་རུལ་བའི་ཚོགས་ལ་བརྡ་ཞིག་བཞག།
ཁ་དང་ཁོག་པའི་ལབ་གླེང་མི་གཅིག་པའི།།
སྐད་ཆ་སྤོམ་པོར་གོམ་པའི་མི་ཚོགས་དང་།།
ཁོག་པ་ནག་པོར་གྱུར་བའི་ལྟས་ངན་ཚོར།།
སྙིང་ཤ་འདར་ཟུག་རྒྱགས་པའི་ལམ་ཞིག་བསྟན།།
གསར་བའི་སྣང་བ་བརྩད་དེ་ནང་དམེ་དང་།།
མཛེས་མའི་ཟོལ་ལ་དགའ་བའི་ཆལ་མོ་སོགས།།
རིགས་ཀྱི་རྩ་བ་བརྗེད་པའི་གཞོན་པ་ཚོར།།
རང་ཉིད་སུ་ཡིན་ཤེས་པར་འབོད་སྐུལ་བཏང་།།
ལས་ལ་སྐྱབས་སུ་འཛིན་པའི་མི་རིགས་ལ།།
ལག་ལེན་དངོས་ལ་མ་ཞུགས་ཁ་སྟོང་གིས།།
ནམ་ཡང་རང་དབང་མི་ཐོབ་ཤ་སྟག་ལ།།
ཁྱེད་ཚོས་རང་གི་ལུས་སྲོག་ལོས་བཏང་མཛད།།
འོན་ཀྱང་འཚེ་མེད་ཞི་བའི་སྨན་མཆོག་ཞིག།
རིགས་ཀྱི་རྩ་བའི་བླ་མས་གདམས་པ་དེར།།
ལག་ལེན་གཉིས་བྲལ་ཁ་ཕོའི་རྗེས་རབས་དག།
མཐོང་ནས་ཁྱེད་ཅག་ཐུགས་ཕམ་བྱུང་བར་སྙམ།།
ཁྱེད་ཚོ་མར་མེ་བཞིན་དུ་འབར་ནས་བཞུད།།
ཁྱེད་ཚོ་མེ་རི་བཞིན་དུ་མཆེད་ནས་ཐལ།།
ཁྱེད་ཚོ་རླུང་རྟ་བཞིན་དུ་འཕུར་ནས་སོང་།།
ཁྱེད་ཚོས་རང་རིགས་མེས་པོ་མཇལ་ཡོད་ངེས།།
༢༠།༨།༡༡།ལ་བྲིས། ངས་དྲན་བཞིན་པའི་ཁྱེད་ཚོ། འདི་ལྟར་སོང་ཤུལ་དུ། ངའི་སྙིང་ཆུང་ལ་འདར་ཟུག་རྒྱགས་ཀྱི་ཡོད། ངའི་སེམས་པའི་མིག་ཆུ། མུ་མེད་ཀྱི་བྱང་ཐང་སྐྱ་བོ་ཞིག་ནས། ཆད་མེད་དུ་འབབ་དུས། དོན་ངོ་མར་ངས་ཁྱེད་ཚོའི་ཆེད་དུ་གང་ཡང་འཇོན་མ་སོང་ལ། ཁྱེད་ཚོས་བཞག་པའི་ཁ་ཆེམས་ཙམ་ཡང་གསལ་བོ་ཞིག་ཐོས་མ་སོང་བར་སྐྱོ་ཞོར་དུ།
བཀླགས་ཡིན། ཐུགས་རྗེ་ཆེ།