གྲོགས་རྨ་བློས་ངའི་བུ་ལ་སྤྲད་པའི་ལག་སྐྱེས།
་་་་་་་་་་་་་་་་་་་་་དུངས་པ་དང་བཅས་ཨ་ཁུ་རྨ་བློས།
བུ་ཆུང་། ཁ་བའི་ལྷ་སྲས
ཨ་ཕའི་རུས་ཀྱི་རྨུ་ཐག་ལ་འཇུས་ནས
ཨ་མའི་ཁྲག་གི་འགྱུ་བ་ལ་འཐིན་སྟེ
རྒྱང་རིང་རྒྱང་རིང་ཞིག་ནས
མཐོ་ས་མཐོ་ས་ཞིག་ནས
ཟླ་ཟེར་བཞིན ཉི་ཐིགས་བཞིན
མི་ཡུལ་འདིའི་མགྲོན་དུ་ཕེབས
ཨ་ཕའི་ཁྱེད་ལ་རེ་བ་སྟོང་གི་མཆོད་ཁ་ཡོད་ལ
ཨ་མའི་ཁྱེད་ལ་བརྩེ་བ་འབུམ་འབུམ་གྱིས་བསུ་བ་ཡོད
ད་དུང་ ཨ་ཁུ་ངས་ཁྱེད་ལ་ཁ་གཡང་ཁྲི་ཕྲག་གིས་འབོད་པའང་ཡོད
གཅེས་ཕྲུག་ཁྱོད ཨ་ཕའི་རེ་བ་ལྟར་ཨ་མའི་བསམ་པ་བཞིན
རྟེན་འབྲེལ་ཁྲི་འབུམ་གྱིས་ལམ་སྣ་དྲངས་དེ
མ་འོངས་འདུན་ལམ་འོད་སྣང་གིས་ཁྱབ་པར་ཤོག
མཆན། གྲོགས་པོ་རྨ་ལྷོ་རྒྱལ་ཁབ་འདིའི་ནུབ་ཕྱོགས་དུ་བསྡོད་མཁན་ཡིན་ལ། ཁོ་རང་གིས་བདག་གི་བུ་ཆུང་སྐྱེ་བ་དེར་རྟེན་འབྲེལ་ཞུ་བའི་ཆེད་དུ། སྒོར་འཁོར་བཏང་ནས་ཆུ་ཚོད་གཉིས་དང་ཕྱེད་ཀྱི་ལམ་པའི་དཀའ་ཚེགས་དང་། འགྲིམ་འགྲུལ་གྱི་སྟབས་བདེ་མིན་སོགས་ལ་མ་འཛེམ་པར་དེ་རིང་བདག་གི་བུ་ཆུང་ལ་སྙན་ངག་འདི་དང་རྔན་པ་གོན་པ་གསར་བ་ཆ་གཅིག བུ་མོའི་སྐྱེས་སྐར་ལ་ཡོང་མ་ཐུབ་པར་དེ་ལ་ཡང་རྔན་པ་ཞིག་འཁུར་ནས་སླེབས་སོང་། ཁོ་བོ་ནི་ང་རང་རྒྱལ་ཁབ་འདིར་སླེབས་ནས་གྲོགས་པོ་ཡག་ཤོས་དང་ཆེས་སེམས་ཐག་ཉེ་ཤོས་དེ་ཡིན། ཁོ་རང་ལ་བུ་མོ་གཉིས་ཡོད་པའི་སྐྱེ་སྐར་ཡང་དེ་རིང་འཁེལ་ཡོད་ན་ཡང་། བུ་མོ་གཉིས་ཀྱི་སྐྱེས་སྐར་ལ་བསུས་པའི་མགྲོན་པོ་དག་ལ་ཟ་མ་སྤྲད་རྗེས་སུ། སེམས་ཀྱི་རེ་སྨོན་འདི་འཁུར་ནས་ང་ཡོད་སར་འབྱོར་བ་རེད། དྲ་ཐོག་གི་སྤུན་ཟླ་ཚོ། གཟིགས་དང་། ས་མཐའ་ན་ཕ་མ་མེད་དུས་གྲོགས་ཟེར་བ་འདི་ནི་དངོས་ནས་ཕྱི་ཐག་ཡོད་པ་ཞིག་ཡོད་ན་དངོས་ནས་ཕན་ཚུན་གྱི་སེམས་ཀྱི་སྐྱོ་རོགས་ཤིག་མ་རེད་དམ།
དྲ་གྲོགས་ཤ་ཁྲག་གི་བུ་ཆུང་ལ་ཕུལ་བ།
བློ་གྲོས་ཤེལ་གྱི་མེ་ལོང་དྭངས་མའི་ངོར།།
སྣང་བ་དཔེ་རུ་ཤར་བའི་གནས་ལུགས་དེ།།
འགྲོ་བའི་མོས་ངོར་འགྲེམ་ལ་ཐབས་མཁས་པ།།
ཟླ་མེད་ཟས་གཙང་སྲས་པོས་བུ་འདི་སྲུངས།།
རིགས་ཀྱི་སོན་རྩྭ་ཉན་པའི་བུ་ཆུང་ཞིག།
རྒྱུས་མེད་ས་མཐའ་ཞིག་ནས་འཁྲུངས་པ་འདི།།
ཨ་ཕ་ཤ་ཁྲག་རྒད་པོའི་གཅེས་ཕྲུག་ལགས།།
མ་འོངས་བོད་ཀྱི་གཅེས་ཕྲུག་ཅིག་ཏུ་རེམས།།
ཞེན་ཁོག་མིན་པའི་གནས་ལུགས་ཧྲང་ཧྲེང་ཞིག།
སྨྲ་བར་ཁ་ལྕེ་གློག་གི་ཟླ་བོར་སྤྲུལ།།
དམ་པ་དགེ་ཆོས་ལྟ་བུའི་ཡ་མེད་ཅིག།
བུ་ཁྱོད་འོངས་བར་སྐུལ་མ་ནན་གྱིས་ཞུ།།
རེད་ཡ། ངའི་ཕ་ཡུལ་ལ་འདི་འདྲའི་གཏམ་དཔེ་ཞིག་ཡོད། ཐག་རིང་གི་གཉེན་ལས་ཐག་ཉེའི་དགྲ་དགའ། ཁྱེད་ཀྱི་བུ་ཆུང་འཇིག་རྟེན་དུ་སླེབས་པར་བཀྲ་ཤིས་བདེ་ལེགས་ཞུ་བ་ཆབས་ཅིག་ཁ་ལས་རླུང་རྟ་དར་བའི་སྨོན་འདུན་ཞུ།