སྐད་ཆ་ཟེར་བ་ནི་སྙིང་ལ་དགའ་སྐྱོ་སྟེར་བའི་བརྡ་རྟགས་ཟབ་མོ་ཞིག་ཡིན་དུས། ངས་དྲ་ངོས་སོ་སོ་ནས་རང་ཉིད་བོད་ཡིན་པས་བོད་དོན་ལ་དོ་སྣང་བྱེད་ཀྱི་ཡོད། གསར་འགྱུར་དུས་ལྟར་ཀློག་གི་ཡོད། བསམ་ཚུལ་དེ་མཚུངས་ལྟར་ཀློག་གི་ཡོད། གསར་འགྱུར་ནི་གོང་དུ་བཤད་མ་ཐག་པ་བཞིན། ཉན་སྤྲོ་བ་དང་གོ་ན་སེམས་པ་ན་བའི་རྒྱུ་གཉིས་ཀ་ཡིན།
ད་ལོ་སྤྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། གྲྭ་ཕུན་ཚོགས་ལགས་ཀྱི་རང་ལུས་མེ་རུ་སྒྲོན་ནས་བོད་ཀྱི་བདེ་སྡུག་གི་ཆེད་དུ་སྐད་འབོད་བྱས་པ་ནས། མདོ་སྨད་རྔ་བ་ཀིརྟི་དགོན་གྱི་གྲྭ་རྒན་གཞོན་དབྱེར་མེད་དུ་བཟུང་བཙོན་ལྟ་བུར་ལུས་པའི་ཉིན་མ་དེ་རིང་། སླར་ཡང་གྲྭ་ཕུན་ཚོགས་ཀྱི་སྤུན་ཆུང་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་གཉིས་ཀྱིས་ཀྱང་། བོད་ཀྱི་བདེ་སྡུག་གླེང་ནས། མི་ལོ་བཅོ་བརྒྱད་ཀྱི་ཉིན་མཐའ་མ་ཞིག བོད་མིའི་སྐྱིད་སྡུག་གི་ཆེད་དང་། འདི་ཕྱིའི་བླ་ན་མེད་པའི་སྐྱབས་མགོན་བོད་ནང་དུ་འདྲེན་པའི་ཆེད་དུ་རང་ལུས་མཆོད་མེར་སྒྲོན་པ་རེད།
གསར་འགྱུར་འདིས། སྐད་ཆ་དེས། ང་བོད་ཡིན་པས་ངའི་སྙིང་ཆུང་ལྡིང་དུ་བཅུགས། སེམས་པ་གཟེར་དུ་བཅུགས། ཡིད་བསམ་པའི་གཏིང་ནས་དབུགས་རིང་ཤོར། ཉེ་འཁྲིས་སུ་བོད་སྐད་གོ་བའི་བོད་མི་གཅིག་ཡང་མེད་ལ། བོད་སྐད་བཤད་ས་གཅིག་ཡང་མེད་ས་ནས། རང་གི་མཛའ་མོ་ལ་བོད་ནང་གི་ཛ་དྲག་གི་དོན་རྐྱེན་འདི་བཤད། ཁོ་མོས་ཀྱང་མགོ་བོ་བྲང་ཁར་སྨད་ནས་ཡིད་སྐྱོ་བའི་རྣམ་པ་བསྟན། ད་ནི་སྐད་ཆ་ངེས་ལ་ཞུགས་ན། གནམ་སྔོན་པོའི་འོག་དང་ས་དོག་མོའི་སྟེང་གི་ཁ་བ་གངས་ཅན་པ་ཚོ་ལགས། རང་གི་སྙིང་དུ་སྡུག་པའི་མི་དང་། ཤ་ལས་མཆེད་པའི་སྤུན་གྲོགས། སྙིང་ནས་ཉེ་བའི་གྲོགས་དང་གྲོགས་མོ། ངོ་ཤེས་དང་དགའ་ཉེ་བློ་འབྲེལ་སུ་ཞིག་བོད་དུ་བཞུགས་ཡོད་ན། བོད་ནི་བོད་མི་ཁོ་ན་ལ་དབང་བ་བདེན་ན་ཡང་། བཙན་གནོན་ཟེར་བའི་འོག་ན། རང་ས་དང་རང་ཡུལ་ཟེར་ནས་རྩོད་ལེན་བྱེད་པར་འབད་འབུངས་བྱེད་དགོས་པ་དེ་ནི་ཁ་བ་གངས་ཅན་པ་ཡོངས་ཀྱི་འགན་དུ་ཡོད་ཀྱང་། རྩོད་ལེན་དེ་ཡི་ཆེད་དུ། རང་ལུས་མེ་རུ་སྒྲོན་ནས། ཁ་བ་གངས་ཅན་པའི་སྡེ་ལ་བདེ་མོ་འཇོག་པ་དེ་ནི་ཐབས་ཤེས་དང་། རྗེས་སུ་ཡི་རུང་བྱེད་ཆོག་པ་ཞིག་དང་། གང་བརྩོན་ལེན་བྱས་པ་དེ་ནི་ཐོབ་པ་ཞིག་གཏན་ནས་ཁག་པར་སེམས་སུ་བཞག་ནས། ཕྱིས་སུ་བོད་དོན་བོད་མིས་ལོས་བྱེད། བོད་དོན་དུ་རང་ལུས་མེ་རུ་མ་སྒྲོན་རོགས།
བོད་ཡིན་པས། བོད་དོན་བྱེད་པ་ལ་གསོན་དགོས་པ་ལས་ཤི་མི་རུང་བ་མ་ཟད། བོད་དོན་བྱེད་རྒྱུ་ནི་གསོན་རྒྱུའི་ཆེད་དུ་ཡིན་པ་ལས། ཤི་རྒྱུའི་ཆེད་དུ་མིན་ལ། བོད་མི་གཅིག་ཤི་ན་རྒྱ་གཞུང་ངན་པའི་འདོད་བློ་དེ་ལྟར་དུ་འགྲུབ་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གི་རེ་འདོད་ནི་བོད་མི་རྩ་སྟོང་དུ་འགྲོ་རྒྱུ་དེ་ཡིན་པ་དང་། དེ་ཡི་ནང་ནས་བོད་དོན་དུ་ལས་ལ་བརྩོན་པའི་བོད་མི་དག་མེད་པར་བཟོ་རྒྱུ་དེ་ནི་ཁོང་ཚོས་རྩ་བའི་དམིགས་འབེན་ཡིན་པ་སེམས་སུ་ཟུངས་ཤིག བོད་དོན་མི་བྱེད་པ་དང་བོད་དོན་མི་བསམ་པའི་བོད་མི་དག་གང་དུ་ཡོད་ཀྱང་། རྒྱ་ནག་སྲིད་གཞུང་ལ་དགོས་འཁོ་མེད་པ་དང་རྩོད་རྙོག་མེད་པ་ཡིན་དུས། བོད་དོན་བྱེད་པ་ལ་གསོན་རོགས་ཞུ། བོད་ཡིན་པས་གསོན་དགོས། ཤི་བ་ལས་གསོན་པ་ན་ལམ་ཁ་མང་བ་དང་གོ་སྐབས་ཆེས་མང་བོ་ཡོད། ལྷག་པར་དུ་རང་ས་ནས་བོད་མི་གཅིག་ཤི་བ་ལས། གཞན་ཡུལ་ན་ཁྱི་ལྟར་ཉུལ་ནས་ཡོད་པའི་བོད་མི་ང་འདྲ་བ་དག་བརྒྱ་སྟོང་ཤི་ཡང་གྱོང་ཁ་མེད། ཁ་བ་གངས་ཅན་པ་ཚོ། བོད་ནང་གི་དོན་གྱི་བདག་པོ་ཚོ། རང་ལུས་མེ་ལ་སྒྲོན་པའི་ལས་འགུལ་འདིའི་རིགས་མཚམས་འཇོག་བྱེད་རོགས། བོད་ཡིན་པས། ངའི་སེམས་པ་ན་ཞོར་དུ་བྲིས་ཡོད་པའི་སྐད་བསྐུར་འདི་གློག་གི་དྲ་བ་དག་རྒྱུད་ནས་ཁྱེད་ཅག་གི་སེམས་དང་བསམ་པའི་གསེང་དུ་འཐིམ་པར་ཤོག
སེམས་ཤུགས་ཆེ་ཁི་ཡ། ཡིད་རང་ཡོད་རྒྱུ་མཚན་འདུག
ཡ་ཡ། ཤེས་སོང་ང་། ངས་ཀྱང་དེ་ག་རང་བསམ་བསྡད་ཡོད།