ལེའུ་གཉིས་པ། དྲང་བདེན་མིན་པའི་དཔྱ་ཁྲལ།
རྩོམ་པ་པོ། ཆུང་ཚེ་རིང་།
སྤེལ་ས། བོད་ཀྱི་དུས་བབ།
སྤེལ་དུས། ༢༠༡༥།༡༢།༣༠ ལྷག་དཀར་ཉིན།
དབྱིན་ཇིའི་གཞུང་ངོས་ནས། ཨ་རི་ནི་རང་གི་མི་སེར་སྤེལ་ས་ཞིག་ཏུ་ངོས་བཟུང་སྟེ། ཨ་རིའི་ངོས་ནས་དབྱིན་ཇིར་ཚུར་བརྩི་དགོས་པ་ལས། དབྱིན་ཇིས་ཨ་རི་ལ་གོ་བསྟུན་བྱ་དགོས་པ་ཞིག་ཏུ་ངོས་འཛིན་མི་བྱེད། དེ་ཡང་དབྱིན་ཇིའི་སྲིད་བློན་ཝི་ལི་ཡམ་ པི་ཊི་(William Pitt)ཞེས་པས་“ང་ཨ་རི་བ་ཚོར་དགའ་པོ་ཡོད། ཡིན་ན་ཡང་ང་ཚོ་ནི་རྒྱལ་ཁབ་ཨ་མ་ཡིན་ཞིང་། ཁོང་ཚོ་[ཨ་རི་]ནི་ཕྲུ་
གུ་ཡིན་པས་ངེས་པར་དུ་[ང་ཚོར་]བརྩི་དགོས་”ཞེས་བཤད་མྱོང་བ་རེད། འོན་ཀྱང་ཨ་རིའི་གནས་སྟངས་དེ། དབྱིན་ཇིའི་མི་སེར་སྤེལ་ཡུལ་གཞན་དང་མི་འདྲ། མི་འདྲ་ས་གཙོ་བོ་ནི་ཡུལ་དེའི་མི་མང་ཆེ་བ་མི་རིགས་དཀར་པོ་ཆགས་བཞིན་ཡོད་པ་དང་། ཁོང་ཚོ་ཨ་རིར་མ་ཡོང་གོང་མི་སེར་གྱི་ཐོབ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། དེར་བརྟེན་ཕྱི་ལོ་ ༡༧༦༣ ལོར་སླེབས་སྐབས་ཨ་རི་བ་ཚོས་རང་གི་“ཨ་མ་”ཡི་བཀའ་ཉན་འདོད་མེད།
ཉན་འདོད་མེད་པའི་གནས་ཚུལ་དེ་ཡང་ཁྲལ་བསྡུ་ཕྱོགས་ཀྱི་ཐོག་ནས་བྱུང་། དེ་ཡང་ཨ་རིའི་ས་ཁུལ་གྱི་ཆ་འགའ་སུས་འཛིན་མིན་ཐད་དབྱིན་ཇི་དང་ཧྥ་རན་སི་གཉིས་མ་འཆམ་པར་ལོ་བདུན་གྱི་རིང་དམག་འཁྲུག་ལངས། ཕྱི་ལོ་ ༡༧༦༣ ལོར་སླེབས་སྐབས་ཧྥ་རན་སིའི་དམག་ཕམ་སྟེ་བྱང་ཨ་རི་ནས་མཐའ་སྐྲོད་བཏང་། དམག་འཁྲུག་དེ་ལ་འགྲོ་སོང་ཧ་ཅང་ཆེན་པོ་སོང་བ་དག་ཁ་གསབ་བྱ་དགོས་པ་མ་ཟད། གདོད་མའི་མི་རིགས་དང་། གསར་དུ་གཞིས་ཆགས་པའི་ཨ་རི་བའི་བར་དུ་མཐུན་ལམ་མེད་པས། གདོད་མའི་མི་རིགས་ཀྱི་དྲག་རྒོལ་ལས་སྲུང་ཆེད། ཨ་རིའི་ནང་དབྱིན་ཇིའི་དམག་མི་ཆིག་ཁྲི་སྐོར་གཏན་འཛུགས་བྱས་པ་དེ་ཚོར་ཟས་གོས་དང་། སྡོད་གནས་ཀྱི་འགྲོ་སོང་ཆེན་པོ་འགྲོ་མུས་རྣམས་གང་ནས་སུས་གཏོང་དགོས་མིན་ཐད་ལ། དབྱིན་ཇི་དང་ཨ་རིའི་བར་རྩོད་པ་ལངས། དབྱིན་ཡུལ་རང་དུ་གནས་པའི་དབྱིན་ཇིའི་མི་སེར་ཚོས། ཨ་རིའི་ནང་གི་མི་ལས་དཔྱ་ཁྲལ་ལྡབ་ཉི་ཤུ་རྩ་ལྔས་མང་བ་སྤྲོད་བཞིན་ཡོད་པས། ཡང་བསྐྱར་ཁྲལ་གསར་པ་འགེལ་ཐབས་མ་མཆིས། དེར་བརྟེན་དབྱིན་ཇིས། ཨ་རི་བ་རང་གིས་འགྲོ་གྲོན་དེ་གཏོང་དགོས་པའི་ཐག་གཅོད་བྱས།
འོན་ཀྱང་ཨ་རི་བ་ཚོས་དེ་ལ་མོས་མཐུན་རྩ་བ་ནས་མ་བྱས། ཁོང་ཚོས་བཤད་རྒྱུར་ཨ་རི་ནས་ཧྥ་རན་སིའི་དམག་དཔུང་མཐར་སྐྲོད་གཏོང་བའི་དམག་འཁྲུག་ནང་། ངེད་ཅག་གི་དམག་ཉི་ཁྲི་ལྔ་སྟོང་ལྷག་གིས་དབྱིན་གཞུང་གི་དམག་དཔུང་དང་བསྡེབས་ཏེ། རང་སྲོག་ལ་མ་འཛེམས་པར་འཛིངས་ཡོད། དེར་བརྟེན་དེའི་འགྲོ་སོང་ང་ཚོས་གཏོང་དགོས་པའི་རྒྱུ་མཚན་མི་འདུག །ང་ཚོར་འབྱུང་འགྱུར་དབྱིན་ཇིའི་དམག་གི་སྲུང་སྐྱོབས་ཀྱང་དགོས་གལ་མི་འདུག །དེའི་འགྲོ་སོང་ང་ཚོས་གཏང་ཐུབ་ས་མ་རེད་ཅེས་བཤད་དེ་ཉན་འཇོག་མ་བྱས། འོན་ཀྱང་དབྱིན་ཇིའི་རྒྱལ་པོ་འཇོར་ཇིས་ཕྱི་ལོ་ ༡༧༦༣ ནས་ ༡༧༧༥ བར་ཡང་ནས་བསྐྱར་དུ་ཨ་རི་བ་ཚོའི་ས་ནས་དངུལ་བསྡུ་ཐབས་མང་པོ་བྱས་ཤིང་། དེ་ལྟར་བྱེད་ཐེངས་རེར་ཨ་རི་བ་ཚོའི་སེམས་ནང་མ་འདོད་པ་ཇེ་ཆེར་སོང་སྟེ་ངོ་རྒོལ་བྱས། དབྱིན་ཇིའི་རྒྱལ་པོས་ཀྱང་མུ་མཐུད་རང་གི་ཐག་གཅོད་ལ་མཇུག་གནོན་བྱས་ཏེ་ཐོག་མར་ཨ་རི་བ་ཚོས་དམག་མིའི་སྡོད་ཁང་དང་། ཉལ་ཆས། ཟ་བཏུང་། མེ་ཤིང་བཅས་བསྒྲུབས་དགོས་པ་བཤད་པར། ཨ་རིའི་ནང་གི་མི་སེར་སྤེལ་ཡུལ་གཞིས་ཆགས་འགའ་ཞིག་གིས་དེ་ལ་བརྩིས། འགའ་ཞིག་གིས་དེ་ལ་མ་བརྩིས་པས་ཟིང་ལངས། དེའི་རྗེས་སུ་དབྱིན་ཇིས་ཚོང་ཁྲལ་གསར་པ་ཞིག་བཟོས། ཚོང་ཁྲལ་དེ་གཞི་བཟུང་ལྟར་ན། ཨ་རི་བ་ཚོས་དགོས་མཁོའི་ཅ་དངོས་ཕལ་མོ་ཆེ་དབྱིན་ཇི་རང་ནས་ཉོ་དགོས་པ་ལས་གཞན་ནས་ཉོ་མི་ཆོག་ཅིང་། ཅ་དངོས་དེ་ཚོའི་རིན་གོང་གཞན་ལས་མཐོ། དེ་བཞིན་དུ་ཨ་རི་རང་གི་ཐོན་རྫས་རྡོ་ཐ་དང་། སྲིན་བལ། འཚིག་ཇ། བྱེ་མ་ཀ་ར་སོགས་དབྱིན་ཡུལ་ལ་རིན་གོང་དམའ་པོར་འཚོང་དགོས་པ་ལས་གཞན་ལ་བཙོང་མི་ཆོག་པ་བཟོས་པས། ཁྲིམས་འདིས་ཨ་རི་བ་ཚོ་ལ་ཁོང་ཁྲོ་ཆེན་པོ་བསླངས།
ཨ་རི་བ་ཚོས་ཁྲིམས་དེ་ལས་གཡོལ་ཆེད། མཚན་མོ་ལྐོག་ཏུ་རྡོ་ཐ་དང་། སྲིན་བལ། འཚིག་ཇ། བྱེ་མ་ཀ་ར་སོགས་ཡུལ་ཟོག་བླུགས་པའི་གྲུ་གཟིངས་བཏང་སྟེ་ཡུལ་གཞན་ལ་བཙོང་། དབྱིན་ཇིས་མི་རིང་བར་དེ་ཤེས་ཏེ་དམག་མི་མངགས་ནས་དེ་འདྲའི་ཚོང་ལས་གཉེར་མཁན་བཟུང་སྟེ་བཙོན་དུ་བཅུག །དེ་ལ་ཨ་རི་བ་ཚོས་མ་འདོད་པའི་ཞུ་སྙན་མང་པོ་དབྱིན་ཇིའི་རྒྱལ་པོར་ཕུལ་ཡང་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་མ་གནང་བ་མ་ཟད། དེ་ལས་ལྡོག་སྟེ་ཕྱི་ལོ་ ༡༧༦༥ ལོར་དབྱིན་ཇིའི་རྒྱལ་པོས་ཁྲལ་ཐེལ་(Stamp tax)གྱི་ལམ་སྲོལ་གསར་པ་ཞིག་བཟོས། ལམ་སྲོལ་དེའི་འོག་ཏུ་ཨ་རི་བ་ཚོས་ཤོག་བུའི་རིགས་དཔེར་ན་གསར་ཤོག་དང་། དཔེ་དེབ། ཐ་ན་ཏག་སེ་སོགས་གང་འདྲ་ཞིག་སྤྱད་ཀྱང་དེ་ལ། ཁྲལ་ཐེལ་སྦྱར་དགོས་ཤིང་། ཁྲལ་ཐེལ་ལ་རིན་གོང་སྤྲོད་དགོས། ཁྲལ་ཐེལ་གྱི་ལམ་ལུགས་དེ་དབྱིན་ཡུལ་རང་དུ་ལག་བསྟར་བྱེད་བཞིན་ཡོད་ཀྱང་། ཨ་རི་བ་ཚོ་ལ་ལུགས་དེ་གསར་པ་ཡིན་པས་དང་ལེན་མ་བྱས།
ཕྲན་གྱིས་བལྟས་ན། སྐབས་དུས་དེར་ཨ་རིར་གཞིས་ཆགས་པའི་མི་རིགས་དཀར་པོ་ཚོའི་དཔལ་འབྱོར་གྱི་གནས་བབས་ཚད་ངེས་ཅན་གྱིས་ཡར་རྒྱས་སོང་བ་མ་ཟད། ཁྲིམས་དང་འགྲོ་ལུགས་ཀྱང་ཚགས་སུ་ཚུད། དབྱིན་ཡུལ་ལྟ་བུའི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་དམ་པོ་ཡང་མེད། མི་རིགས་དཀར་པོ་ནང་ཕན་ཚུན་དུ་དབྱིན་ཡུལ་ལྟ་བུའི་གྲལ་རིམ་གྱི་དབྱེ་བ་ཡང་དེ་ཙམ་མ་མཆིས། དེ་འདྲའི་གནས་སྟངས་འོག་རྒྱལ་ཁབ་ཨ་མ་དབྱིན་ཡུལ་རང་ལ་རེ་དགོས་པ་དང་ལྟོས་དགོས་པ་མེད། དཔལ་འབྱོར་དང་ཆབ་སྲིད། བསམ་བློའི་རང་དབང་ངེས་ཅན་བྱུང་སྐབས་རང་གི་གོ་གནས་རྩོད་རྒྱུ་དྲན་པ་དེ་ཡང་འགྲོ་བ་མིའི་གཤིས་སུ་ཡོད་འདྲ་བས། སྐབས་དེའི་ཨ་རི་དང་དབྱིན་ཇི་གཉིས་ཀྱི་རྩོད་ས་གཙོ་བོ་གཅིག་ནི་འཐུས་མིའི་སྐོར་རེད། དེ་ཡང་ཨ་རི་བ་ཚོས་རྩོད་བཤད་བྱས་པའི་སྙིང་པོ་ཞིག་ཏུ། ང་ཚོས་དབྱིན་གཞུང་ལ་ཁྲལ་འབུལ་བཞིན་ཡོད་ཀྱང་། དབྱིན་ཇིའི་གཞུང་གི་གྲོས་ཚོགས་ནང་། ང་ཚོའི་འཐུས་མི་མི་འདུག ང་ཚོས་ཁྲལ་ཇི་ཙམ་འབུལ་དགོས་མིན་གྱིས་མཚོན་པའི་གནས་ཚུལ་ཡོངས་རྫོགས་ང་ཚོའི་འཐུས་མི་མེད་པར་ཐག་གཅོད་བཞིན་པ་འདི་དྲང་པོ་མ་རེད་ཅེས་བཤད་འདུག
དེ་མིན་དུས་སྐབས་དེར། རང་དབང་རིང་ལུགས་དང་། སྤྱི་མཐུན་རིང་ལུགས། དབྱིན་ཇི་དང་འབྲེལ་བ་གཙང་གཅོད་ཀྱི་ལྟ་ཚུལ་སོགས་ཀྱི་ལྟ་ཚུལ་གསར་པ་དབྱིན་ཡུལ་དང་ཨ་རི་གཉིས་ཀར་བྱུང་བ་དེས་ཀྱང་ཨ་རིའི་གསར་བརྗེ་ཐོག་མར་ལངས་པ་དང་། བར་དུ་འཕེལ་བ། ཐ་མ་གྲུབ་འབྲས་སོན་པ་བཅས་ཀྱི་ཐད་གལ་ཆེའི་ཤུགས་རྐྱེན་ཐེབས་ཡོད་ཀྱང་། དེའི་སྐོར་ཞིབ་གླེང་བྱས་ན་མང་ཞིང་། ཀློག་མཁན་མགོ་རྨོངས་འགྲོ་བས་དགོས་པ་མཆིས་ན་སྐབས་གཞན་དུ་གླེང་བར་བྱ།
དེ་དང་དེ་འདྲའི་རྒྱུ་རྐྱེན་མང་པོ་ཚང་བར་བརྟེན་ནས་རིམ་པས་ཨ་རི་བ་ཚོས་རང་གི་མ་འདོད་པའི་རྣམ་འགྱུར་མཚོན་བྱེད་དུ། སྲང་ལམ་དུ་མེ་རྒྱག་པ་དང་། དབྱིན་ཇིའི་ཁྲལ་ཐེལ་ཚོང་མཁན་ལ་རྡོ་གཞུ་བ། དེ་ཚོའི་ཁང་པ་གཏོར་བ་སོགས་བྱས་པ་མ་ཟད། རང་དབང་གི་བུ་ཕྲུག་ཅེས་པའི་གསང་བའི་ཚོགས་པ་ཞིག་བྱུང་བ་དེས། ཁྲལ་ཐེལ་འཚོང་མཁན་ཁ་ཤས་བཟུང་སྟེ་ཁོང་ཚོའི་ལུས་ལ་སྣུམ་ནག་(tar)གམ་དབུས་གཙང་དུ་ཨ་ལ་ཀ་ཏ་ཞེས་འབོད་པ་རྡོ་ཕྱེ་དང་བསྲེས་ནས་ལམ་ཆེན་ཐོག་གདིང་བྱེད་ནག་པོ་དེ་བཞུར་ནས་བྱུགས་པའི་ཐོག་བྱ་སྤུ་མང་པོ་བཙུགས་པ་སོགས་ཡ་མེད་ཀྱི་རྩིང་སྤྱོད་མང་པོ་བྱས། བྱ་སྤུ་དང་སྣུམ་ནག་ལུས་ལ་བྱུགས་རྗེས་འགོག་དགོས་ན། ལུས་ཀྱི་པགས་པའི་ཆ་ཡང་མཉམ་དུ་གོག་ཡོང་བས། བྱེད་སྟངས་དེ་རིགས་ནི་ངན་བྱས་པའི་མཐར་མཐུག་ལྟ་བུ་ཞིག་ཡིན།
ཨ་རི་བ་ཚོས་ཁྲལ་ཐེལ་ལ་ངོ་རྒོལ་གྱི་རྣམ་འགྱུར་དྲག་པོ་བསྟན་པ་དེ་ལ་དབྱིན་ཇི་བ་ཚོ་ཡ་མཚན་སྐྱེས། ཨ་རི་དང་དབྱིན་ཇིའི་བར་རྩོད་རྙོག་ཐོག་མར་བྱུང་བའི་སྐབས་དག་ཏུ། དབྱིན་ཇིས་ཨ་རི་བ་ཚོ་འཁྲུག་འཛིང་ལ་དགའ་བའི་མི་མ་རབས་སྤྱོད་ངན་ཡིན་པ་དང་། ཁོང་ཚོའི་གཤིས་སྤྱོད་ངན་པ་ཡིན་པའི་ཆ་ནས་རྩོད་རྙོག་དེ་ཚོ་བྱུང་བ་ཞིག་ཏུ་བརྩིས་པ་ལས། ཨ་རིའི་སྤྱི་ཚོགས་རང་གི་ནང་དུ་ཡོང་སྟེ་མིའི་བསམ་བློ་ལ་འགྱུར་བ་ཇི་ཙམ་འགྲོ་བཞིན་ཡོད་མེད་ལ་དོ་སྣང་བྱས་མེད་པར་སྣང་། ལོ་གཅིག་གི་རྗེས་ཕྱི་ལོ་
༡༧༦༦ ལོར་དབྱིན་ཇིའི་རྒྱལ་པོ་འཇོར་ཇིས་ཁྲལ་ཐེལ་གྱི་ལམ་ནས་དཔྱ་ཁྲལ་བསྡུ་བའི་ལམ་སྲོལ་དེ་མཚམས་བཞག་ཀྱང་། ཕྱི་ལོ་ ༡༧༦༧ ལོ་ནས་ཤེལ་དང་ཤོག་བུ། ཇ་བཅས་ལ་ཁྲལ་གསར་པ་བཀལ་བས། ཡང་བསྐྱར་ཨ་རི་བ་ཚོས་སྲང་ལམ་ནང་དང་། མི་མང་འདུ་ཚོགས་བྱེད་སར་ངོ་རྒོལ་བྱས། དེ་ལྟར་དབྱིན་ཇི་དང་ཨ་རི་བའི་བར་མི་མཐུན་པ་ཇེ་ཆེར་སོང་སྟེ་རྙོག་གྲ་མང་པོ་ཐོན་པས། དབྱིན་གཞུང་གིས་དེ་ལ་སྟངས་འཛིན་དང་དྲག་གནོན་བྱེད་མཁན་དུ་དམག་མི་མང་དུ་བཏང་། དམག་མི་དེ་ཚོའི་སྟོད་གོས་དམར་པོ་ཡིན་པས། ཨ་རི་བ་ཚོས་ཁོང་ཚོར་“སྟོད་གོས་དམར་པོ་བ་”ཟེར། སྟོད་གོས་དམར་པོ་བ་ཚོ་དམག་འཐབ་ལ་བྱང་ཆུབ་པ་ཞིག་ཡིན་རུང་། གཅིག་ནས་ཨ་རིའི་ནང་ཁོང་ཚོར་དགའ་པོ་བྱེད་མཁན་མེད་པ་དང་། གཉིས་ནས་དམག་ཕོགས་ཤིན་ཏུ་དམའ་བ། གསུམ་ནས་སྒྲིག་ལམ་ཤིན་ཏུ་དམ་པ་དཔེར་ན། ལྷམ་ལ་རྩི་ཡག་པོ་མ་བཏང་བ་ཙམ་ལའང་གོང་རིམ་གྱིས་ཉེས་རྡུང་གཏོང་བས། སྒྲིག་འཛུགས་ཀྱིས་བཀོལ་བ་མ་གཏོགས་དམག་མི་སྒེར་རེ་རེ་ནས་བཤད་ན་ནི། ཨ་རིར་དབྱིན་དམག་གི་ཁོངས་སུ་སྡོད་འདོད་ཡོད་མཁན་ཉུང་ཉུང་ཡིན་འདུག
ཕྱི་ལོ་ ༡༧༧༠ ལོར་ཨ་རིའི་སྐབས་དེའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་བྷོ་སེ་ཊོན་དུ། ཨ་རི་བ་དང་དབྱིན་ཇིའི་དམག་མིའི་བར་འཐབ་འཁྲུག་བྱུང་། དེ་ཡང་དེ་དུས་དགུན་དུས་
ཡིན་པས་གང་སར་གངས་བབས་ཡོད་ཅིང་གྲང་ངར་ཆེ། སློབ་མ་ཁ་ཤས་ཀྱིས་སྐད་ཅོར་རྒྱག་ཞོར་གངས་རྡོག་རྡོག་བཟོས་ཏེ་སྟོད་གོས་དམར་པོ་བ་ཚོར་གཞུ་འགོ་ཚུགས། རིམ་གྱིས་མི་ཚོགས་མང་དུ་སོང་ནས་སློབ་ཕྲུག་མ་ཡིན་པའི་སྐྱེ་བོ་གཞན་ཚོས་ཀྱང་སྟོད་གོས་དམར་པོ་བ་ཚོར་གཞུས། སྟོད་གོས་དམར་པོ་བ་ཚོས་གནས་ཚུལ་ཞི་འཇམ་ཡོང་ཐབས་བྱས་ཀྱང་། མང་ཚོགས་ཀྱིས་རྡོ་བར་མཚམས་མེད་པར་གཞུས་ཡོང་སྟེ་དམག་མིའི་མགོ་དང་རྐང་ལག་ལ་ཕོག །དེ་འདྲའི་མུར་དམག་མི་གཅིག་ཧ་ཅང་འཇིགས་ཤིང་སྐྲག་པའི་དབང་གིས་མེ་མདའི་སྐམ་པ་མནན་ཤོར་བས། མེ་མདའི་སྒྲ་ཆེན་པོ་ཞིག་གྲགས། དེ་འཕྲལ་མི་མང་ཚོ་ཁོང་ཁྲོས་མྱོས་ཏེ་སྟོད་གོས་དམར་པོ་བ་ཚོའི་ཐོག་ཏུ་ཤོར་ཞིང་། སྟོད་གོས་དམར་པོ་བ་ཚོས་ཀྱང་མང་ཚོགས་ལ་མེ་མདའ་འཕངས། འཐབ་འཁྲུག་དེའི་ཁྲོད་ཁྱོན་ཨ་རི་བ་ལྔ་བསད་ཅིང་དྲུག་རྨས། བསད་པའི་ཁོངས་སུ་མི་རིགས་ནག་པོ་ཁི་རི་སི་པུ་ ཨ་པྲུག་(Crispus Attucks)ཅེས་པ་ཞིག་ཀྱང་ཡོད། ཁོང་ནི་ཨ་རིའི་གསར་བརྗེའི་ལས་འགུལ་ནང་རང་སྲོག་ཤོར་མཁན་མི་རིགས་ནག་པོ་ཐོག་མ་དེར་ངོས་འཛིན་གྱིས་དེང་སང་ཡང་རྗེས་དྲན་བྱེད་ཀྱང་། ཁོ་པའི་ལོ་རྒྱུས་ཞིབ་པ་ནི་བཤད་དུ་མེད་ཀྱང་། ཕ་མི་རིགས་ནག་པོ་དང་། མ་རིགས་གཞན་ཞིག་ཡིན་པར་སྣང་།
དེའི་ཕྱི་ཉིན་གསར་ཤོག་ཁག་གི་ནང་། བྷོ་སེ་ཊོན་དུ་བྱུང་བའི་གནས་ཚུལ་དེ་རྒྱ་ཆེར་སྤེལ་བས། ཨ་རི་བ་ཚོའི་ཁྲོད་དུ་མ་འདོད་པ་ཆེན་པོ་བྱུང་། མུ་མཐུད་དེ་འདྲའི་གདོང་ཐུག་འཐབ་འཁྲུག་མི་ཡོང་བའི་ཆེད་དུ་དབྱིན་ཇིའི་དམག་མི་རྣམས་བྷོ་སེ་ཊོན་གྱི་གྲུ་ཁ་དང་ཐག་ཉེའི་མཚོ་གླིང་ཞིག་ན་ཆགས་པའི་ཧྥོར་ཊི་ ཝི་ལིམ་(Fort Wiliam)ཞེས་པའི་རྫོང་བཙན་ཞིག་ལ་སྤོས་སོ།། དབྱིན་ཇིས་ཨ་རིར་དྲང་བདེན་མིན་པའི་ཁྲལ་བཀལ་བའི་རྐྱེན་གྱིས་འགལ་ཟླ་ཆགས་ཏེ། ཐོག་མའི་འཐབ་འཁྲུག་བྱུང་ཚུལ་གྱི་ལེའུ་ཏེ་གཉིས་པ་རྫོགས་སོ།། །།
རྒྱུ་ཆུང་ཆུང་གིས་རྐྱེན་ཆེན་པོ་བཟོ་ཞེས་པའི་དཔེ་ལྟར། ཨ་རི་དང་དབྱིན་ཇིའི་བར་གྱི་རྙོག་གྲ་ཆུང་ངུ་ནས་ཆེན་པོར་འཕེལ་ཏེ། མཐར་ཨ་རིའི་གཞིས་ཆགས་མང་ཆེ་བ་དབྱིན་ཇིའི་ཁ་གཏད་དུ་ལངས་པའི་སྐོར་མཁྱེན་པར་འདོད་ན། ལེའུ་རྗེས་མ། བྷོ་སེ་ཊོན་གྱི་ཇ་སྟོན་ཞེས་པར་གཟིགས་རོགས།
(རྩོམ་ཡིག་འདི་བྲིས་ཚར་རིམ་བཞིན་ལྷག་དཀར་ནམ་ཡིན་ལ་རིམ་ཅན་དུ་སྤེལ་བ་ཞིག་ཡིན། དུས་ཚོད་དཀོན་པའི་དབང་གིས་ཚིག་དོན་གཉིས་ཀར་སྐྱོན་ཆ་ཡོད་ངེས་པས། ཀློག་པ་པོ་ཚོས་ཡིག་ནོར་གཅིག་མཐོང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་དེ་བཟོ་བཅོས་ཀྱི་རོགས་རམ་གནང་རོགས། གཞན་ཡང་རྩོམ་འདི་བཀླགས་པ་ལས་བྱུང་བའི་མྱོང་ཚོར་དང་བསམ་ཚུལ་ག་རེ་བྱུང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་ན་དགའ་བསུ་ཡོད། ཐུགས་རྗེ་ཆེ།)
སྐུ་ཞབས་ཆུང་ལགས། བཀའ་དྲིན་ཆེ། ངས་ལེའུ་དང་གཉིས་ཆ་ཚང་བཀླགས་ཟིན། འདིར་གླེང་འོས་པའི་ཞན་ཆ་མ་མཐོང་། མུ་མཐུད་ནས་སྤེལ་བར་མཛོད།
ཐོག་མ་ཆུང་ཚེ་རིང་ལགས་ཀྱིས་ལས་གཞི་འདི་འདྲ་ཞིག་མགོ་བརྩམས་པ་དེ་ཧ་ཅང་བསྔགས་བརྗོད་ཞུ་འོས་པ་ཞིག་དང་། བོད་པའི་སྐད་ཡིག་ནང་གི་ཁ་སྐོང་ཆེན་པོ་ཞིག་ཡིན་སྟབས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ལོ་རྒྱུས་འབྲི་ལུགས་འབྲི་སྟངས་ཀྱི་སྤུས་ཚད་སོགས་ཀྱང་ཧ་ཅང་ཡག་པོར་མཐོང་སོང་ཡང་། རྒྱབ་སྐོར་གྱི་རྣམ་པའི་ཐོག་ནས་བསམ་ཚུལ་ཆུང་ཆུང་རེ་གཉིས་ཤིག་ཞུ་རྒྱུ་ཡོད། དང་པོ། སྒང་དུ་ཚིག་བཅད་དང་དོན་ཚན་ཆེན་པོ་རྫོགས་པ་དེ་འདྲ་མིན་ཡང་ཚེག་རིང་རེ་གཉིས་ཤིག་ཤོར་འདུག གཉིས་པ། དུམ་ཚན་གྱི་གཅོད་མཚམས་དེ་ཅུང་བདེ་བོ་མེད་པ་རེ་གཉིས་འདུག དཔེར་ན། གི་“ཨ་མ་”ཡི་བཀའ་ཉན་འདོད་མེད། འདི་གཅོད་མཚམས་ཤིག་ཏུ་བདེ་བོ་མི་འདུག་པས་འོག་གི་ “ལོ་བདུན་གྱི་རིང་དམག་འཁྲུག་ལངས།” འདི་དུམ་ཚན་བཅོད་མཚམས་སུ་བཞག་ན་ཅུང་འོས་པར་མཐོང་། དེ་ལྟ་བུ་རེ་ཟུང་མཐོང་སོང་།
གསུམ་པ། སྤྱིར་ལོ་རྒྱུས་གང་ཞིག་འབྲི་སྐབས་དངོས་ཡོད་ཀྱི་བྱུང་བ་གང་ཡིན་པ་དེ་ཅི་བཞིན་འབྲི་བ་ལས་རྩོམ་པ་པོ་སྒེར་གྱི་བསམ་ཚུལ་འདྲེས་མི་རུང་ཡང་། ལོ་རྒྱུས་གང་ཞིག་བྲིས་པ་དེའི་སྤུས་ཚད་མཐོ་རུ་གཏོང་ཆེད་འབྲེལ་ཡོད་གནས་ཚུལ་མང་པོ་གཤིབ་བསྡུར་གྱི་ངོ་བོའི་ཐོག་ནས་འབྲི་བ་དང་། དཔྱད་ཞིབ་ཀྱི་རྣམ་པའི་ཐོག་ནས་འབྲི་བ། གཞན། ཁ་གསལ་བོ་མེད་པ་དང་རྒྱུ་ཆ་མ་རེག་པ། ཡང་ན། ཀློག་པ་པོའི་སྤྲོ་བ་འདྲེན་པ་སོགས་ཀྱི་ཆེད་དུ་རྩོམ་པ་པོ་སྒེར་གྱི་བསམ་ཚུལ་ཏོག་ཙམ་རེ་བསྲེས་པ་དང་སྙན་ཚིག་དུམ་བུ་རེ་འབྲི་བ་སོགས་ཀྱི་འགྲོ་སྟངས་ཤིག་ཡོད། སྐུ་ཉིད་ཀྱིས་ “ཕྲན་གྱིས་བལྟས་ན། ” ཞེས་པ་འདི་ནས་བཟུང་དུམ་ཚན་གཅིག་རྩོམ་པ་པོ་ཆུང་ཚེ་རིང་ལགས་སྐུ་སྒེར་གྱི་བསམ་ཚུལ་བཀོད་འདུག དེར་མ་ཆོག་པ་མེད་ཀྱང་ལོ་རྒྱུས་ཀྱི་བྱུང་བ་དང་དཀྱུས་གཅིག་ཏུ་མི་འགོད་པར། དུམ་ཚན་ཆེན་པོ་རེའམ། གནས་ཚུལ་གལ་ཆེན་རེའི་མཇུག་ཏུ་ཟུར་མཆན་གྱི་རྣམ་པའི་ཐོག་ནས་བཀོད་ན་ཡག་པོ་མེད་འགྲོ་བསམ་བསམ་ཞིག་བྱུང་སོང་། གཅིག་བྱས་ན་ངའི་སྐད་ཆ་འདིར་རྒྱུ་མཚན་མེད་ཀྱང་སྲིད་པས་བསམ་ཚུལ་ཙམ་ཞུས་པ་ཡིན། བཀྲ་ཤིས་བདེ་ལེགས།
སྐུ་ཉིད་ཀྱིས་དོན་ཕན་ལྡན་པའི་དགོངས་འཆར་གནད་ཆེ་ཁ་ཤས་གནང་འདུག་པར་ཐུགས་རྗེ་ཆེ་ཞུ།
༡) ཚེག་གི་ཐད། ཕྲན་གྱིས་ཚིག་བཅད་ག་མཐར་ཆིག་ཤད་བྱ།། ཞེས་གསུངས་པའི་དགོངས་པ་དང་མཐུན་པར། ཚིག་བཅད་ག་མཐར་ཉིས་ཤད་མ་དགོས་པར་ཆིག་ཤད་ཀྱིས་འཐུས་པ་དང་། ཚིག་ལྷུག་ལ་ག་མཐའི་མཇུག་ཏུ། ད་དུང་བརྗོད་པ་གཞན་ཡོད་ན། ཆིག་ཤད་འབྲི་བཞིན་ཡོད་པ་དཔེར་ན། “གནས་ཚུལ་དེ་བདེན་པར་འདུག །འོན་ཀྱང་ཁོང་གིས་ཞལ་བཞེས་གནང་གི་མི་འདུག”ལྟ་བུའོ།། དེ་ནི་དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་འབུམ་གྱིས་མཚོན་པའི་ ༡༩༥༩ སྔོན་གྱི་བཀའ་བསྟན་པར་དུ་འཁོད་པ་མང་ཆེ་བར་དེ་ལྟར་འཁོད་པ་ལྟར་རྩ་འཛིན་ཞུས་ཁུལ་ཙམ་མ་ཟད། རྗེས་འཇུག་ག་ཡིག །སྔོན་འཇུག་ཏུ་འཁྲུལ་ཉེན་ཡོད་པ་སྤོངས་ཆེད་དུའང་ལགས། འོན་ཀྱང་ཕྲན་གྱི་ངོས་ནས་ཞིབ་ཆ་མ་བྱུང་བར་ག་མཐར་ཤད་འབྲི་རྒྱུ་ལུས་པ་ཡོད་སྲིད།
༢) གཅོད་མཚམས་ཀྱི་ཐད་ཉིད་ཀྱི་དགོངས་འཆར་ལ་རྒྱུ་མཚན་འདུག ཕྲན་གྱིས་ཕྲེང་འབེབས་དང་པོ་དེ། ཀློག་པ་པོར་སྤྲོ་བ་སྐྱེད་ཆེད་དུ། ལྡོག་ཕྱོགས་སུ་གྱུར་པའི་ལྟ་སྟངས་གཉིས་གླེང་ཁུལ་ལགས་ཏེ། དོན་དུ་དེ་ལྟར་མ་བྱུང་བ་འདྲ་བས། འབྲི་མཁན་གྱི་བསམ་པ་སྨྱུ་གུས་མཚོན་མི་ཐུབ་པ་དེ་ལས་ལྷག་པའི་ཞན་ཆ་ཞིག་ག་ལ་ཡོད། རྗེས་སུ་དོ་སྣང་ངེས་པར་བྱ།
༣) ལོ་རྒྱུས་གླེང་ཞོར་རྩོམ་མཁན་གྱི་བསམ་ཚུལ་གླེང་བ་འདི་འོས་མ་འོས་སྐབས་དོན་ལ་བལྟ་དགོས་པ་འདྲ་སྟེ། འཛམ་གླིང་གི་ལོ་རྒྱུས་མང་པོར་རྩོམ་མཁན་གྱི་བསམ་ཚུལ་དང་འཆར་སྣང་བྲིས་པ་མང་དུ་མཆིས། རང་རེའི་ཇོ་ནང་ཏ་ར་ན་ཐ་དང་། དགེ་འདུན་ཆོས་འཕེལ་སོགས་ཀྱིས་མཛད་པའི་ལོ་རྒྱུས་དག་ལའང་དེ་འདྲ་འཁོད་པ་མང་། ཁོ་བོས་བྲིས་པ་འདི་ནི། ལོ་རྒྱུས་ཞེས་ལོ་ཚིགས་དང་གནས་ཚུལ་ཆེ་ཆུང་དུ་མ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། སྤྱིར་བཏང་གི་ཀློག་པ་པོས་བལྟས་པ་དང་མགོ་ན་འགྲོ་བ་དེ་འདྲ་ཞིག་མིན་པར། དོན་གྱི་ཁོག་གསལ་པོ་ཡོད་པ་གང་ཞིག་ལ། གནད་བསྡུས་པ་དང་། ཡིད་ལ་གཟུགས་བརྙན་ཡང་འཆར་རྒྱུ་ཡོད་པ། བསམས་ན་སྙིང་སྟོབས་སྐྱེ་བའི་རྐྱེན་དུ་གྱུར་པ་ཞིག་འབྲི་བསམས་པ་ལགས་ཤིང་། དེའི་དབང་གིས་གནད་དོན་ཆེན་པོ་གླེང་བ་དང་མཉམ་དུ། སྐབས་རེ་གནས་ཚུལ་བྱུང་སྟངས་ཀྱི་ཞིབ་ཆ་དང་། མི་སྣའི་རྣམ་འགྱུར་ཚུན་ལའང་དོ་སྣང་བྱས་ཤིང་། བར་བར་ན་ང་རང་གི་བསམ་ཚུལ་དག་ཀྱང་། རང་གི་བསམ་ཚུལ་ཡིན་པ་གསལ་བར་མཚོན་པ་བྱས་ཏེ་བྲིས་ཁུལ་ལགས། དེ་ལྟར་བྲིས་པས་ཀློག་པ་པོར། བོད་པ་ཞིག་གིས་ལོ་རྒྱུས་དེ་དག་ལ་བལྟས་ཏེ་ཐད་ཀར་བསམ་ཚུལ་ཤོད་བཞིན་པའི་ཚོར་སྣང་ཡང་འབྱུང་བས་ཕན་ཆ་ཡོད། ལྷག་པར་དྲྭ་རྩོམ་འདི་གཟའ་འཁོར་རེར་ཆག་མེད་དུ་སྤེལ་བཞིན་ཡོད་པས། སྔོན་གྱི་དཔེ་དེབ་དང་དུས་དེབ་སོགས་དང་ཡེ་མི་འདྲ། དྲྭ་རྩོམ་འདི་ཡིག་ངོ་ཆོད་ཙམ་གྱི་གཞི་རིམ་མང་ཚོགས་རང་ལ་དམིགས་ཡོད་པ་ལས་མཁས་པ་དང་ཤེས་ཡོན་ཅན་ཚོར་དམིགས་མེད། དེའི་དབང་གིས་གཙུག་ལག་སློབ་ཆེན་གྱི་གནས་ཚད་ལ་འཚམས་པའི་གོ་རིམ་དང་དོན་གནད། ལུང་ཁུངས། མཆན་སོགས་འདི་ན་བཀོད་མེད། འདི་དག་ཁྱེད་ཀྱི་བསམ་ཚུལ་ཐ་དག་ཁས་མ་བླངས་པར་དགག་པ་ཞིག་མ་ལགས་ཏེ། ང་རང་གི་བསམ་ཕྱོགས་ངོ་སྤྲོད་ཞུ་བ་ལགས། ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས། ཐུགས་རྗེ་ཆེ།
ཡུལ་ལུང་དང་མི་སོགས་ཀྱི་མིང་འབྲི་སྐབས་ཤན་སྦྱར་ཡོད་ན་ཡག་པོ་འདུག་སྙམ། དཔེར་ན། བྷོ་སི་ཊོན་( Boston) ལྟ་བུ། གང་ཡིན་ཟེར་ན། མ་ཡིག་ཐོག་ནས་རང་ལ་ཆ་རྒྱུས་མེད་པའི་ལུང་པ་མི་སོགས་དྲྭ་ཐོག་ནས་་རྒྱུས་ལོན་དགོས་ན་སྟབས་བདེ་པོ་དང་ངེས་བདེ་པོ་འདུག ། དེ་ནས་དེང་སང་ལོ་ཙ་བ་མང་པོ་ཞིག་གིས་དབྱིན་ཇི་ཞེས་བྲིས་ན་མི་འགྲིག་ཚུལ། ངེས་པར་དུ་ཨིན་ཇི་ཞེས་འབྲི་དགོས་ཚུལ་གསུངས་དང་གསུང་བཞིན་འདུག །ཉིད་ཀྱིས་དབྱིན་ཇི་ཞེས་སྔ་མོའི་ཐ་སྙད་དེ་སོར་བཞག་བྱས་འདུག་པས་དགོངས་ཚུལ་དང་ལྟ་སྟངས་དམིགས་བསལ་བ་དེ་འདྲ་ཨེ་ཡོད། ད་དུང་དཔྱད་གཞི་དང་ཁུངས་གཏུག་སའི་དེབ་དང་དྲྭ་གནས་སོགས་ཀྱི་མིང་རེ་འོག་ཏུ་ཡོད་ན། སྤྱིར་བཏང་གི་ཀློག་པ་པོ་ཚོར་ཡིད་ཆེས་དང་གདེང་ཚོད་རྙེད་ཅིང་། ཚད་མཐོ་བ་དག་ལ་ཞིབ་བཤེར་དང་གཤིབ་བསྡུར་གྱི་རྒྱུ་རུ་འགྱུར་སྲིད། མཐར་བོད་ཀྱི་སྐད་ཡིག་ཕྱུག་པོ་ཆགས་ཏེ་ང་ཚོས་གང་འདོད་དུ་ལོངས་སྤྱད་ཐུབ་པ་དང་། ཉིད་ཀྱང་ཁམས་བདེ་ཞིང་བྱ་གཞག་གེགས་མེད་དུ་འགྲུབ་པ་སོགས་སྨོན་འདུན་ཡོད།
མཁྱེན་ལྡན་གང་གིས་དོན་ལྡན་གྱི་དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ།
༡) དྲྭ་རྩོམ་འདིའི་ནང་། ཕྱིའི་མི་མིང་དང་། ས་མིང་། རྩི་ཤིང་དང་། ཅ་དངོས་གསར་པའི་མིང་བཀོལ་སྐབས། མིང་བཀོལ་ཐེངས་དང་པོ་དེར་ཤད་གུག་ནང་། དབྱིན་ཇིའི་མ་ཚིག་རང་བྲིས་དང་འབྲི་ཁུལ་ཡིན། ཐེངས་དང་པོར་ཤན་སྦྱར་དུ་བྲིས་རྗེས་མིང་དོན་བརྡ་འཕྲོད་ཟིན་པས་དེའི་རྗེས་སུ་བྱུང་བ་རྣམས་ལ་བོད་ཡིག་ལས་དབྱིན་ཡིག་འབྲི་གི་མེད། འོན་ཀྱང་འབྲི་རྒྱུ་ལུས་པ་དེ་འདྲ་ཡོད་སྲིད།
༢) དབྱིན་ཇི་ཞེས་པ་གང་ཙམ་ཡོངས་གྲགས་ཆགས་ཟིན་པའི་ཐ་སྙད་ཅིག་རེད། ཡོངས་གྲགས་དེ་ཡང་བོད་གཞིས་བྱེས་གཉིས་ཀ་ལ་ཁྱབ་པ་ཞིག་རེད། བར་ལམ་ཐ་སྙད་གཏན་འབེབས་ཚོགས་ཆུང་གིས་ཨིན་ཞེས་འབྲི་དགོས་པར་ཐག་གཅོད་མཛད་འདུག་ཀྱང་། དེའི་རྗེས་སུ་དཔར་བའི་དབུས་བོད་མིའི་སྒྲིག་འཛུགས་རང་གི་ཡིག་ཆ་མང་པོར་ཡང་དབྱིན་རང་བྲིས་ཡོང་གི་འདུག་སྟབས། དབུས་བོད་མིའི་སྒྲིག་འཛུགས་རང་གི་ནང་དུའང་དེ་ལ་བརྩི་བཀུར་མེད་མཁན་ཡོད་པ་འདྲ། དེར་བརྟེན་ཕྲན་གྱིས་འདིར་བོད་གཞིས་བྱེས་གཉིས་ཀ་ལ་དར་ཁྱབ་སོང་ཟིན་པ་དེ་རང་བྲིས་ཁུལ་ཡིན། ཐ་སྙད་གསར་པ་བཟོ་བདེ་ཡང་། སྤེལ་མི་ཐུབ་པ་དེ་གནད་ཅིག་རེད། ཁྱབ་ཟིན་པ་དེ་ལ་འགྱུར་བ་བཏང་སྟེ། གཅིག་གྱུར་མེད་པའི་ཨིན་དང་ཨིང་སོགས་སྤེལ་བསྡད་ན་ངལ་བ་ཆེ་རོགས་རེད་སྙམ།
༣) འདིར་སྤེལ་བའི་གསར་བརྗེའི་ལོ་རྒྱུས་འདི། གཞི་རིམ་མང་ཚོགས་རང་ལ་དམིགས་པ་ཞིག་ལས་མཁས་པ་ཚོར་དམིགས་པ་ཞིག་མིན། དེའི་དབང་གིས་མཆན་འགོད་པ་དང་། དཔྱད་གཞི་འདྲེན་པ་སོགས་ཆེད་མངགས་བྱས་མེད། འོན་ཀྱང་དགོས་གལ་མཆིས་ན། ལེའུ་ཐ་མའི་མཇུག་ཏུ་དཔྱད་གཞིའི་དཔེ་དེབ་དང་རྒྱུ་ཆ་ཁག་གི་མིང་བཀོད་ན་ལེགས་པ་མེད་དམ་སྙམ། ཐུགས་རྗེ་ཆེ།
ཡག་པོ་རེད། འདི་བྲིས་པ་དེ་ཡག་པོ་རེད།
ལྷག་དཀར་ཉིན་འབྲེལ་ཡོད་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། དམིགས་ཀྱིས་རྒན་ཆུང་ཚེ་ལགས་སུ་ཞུ། དེ་ཡང་གཟའ་འཁོར་སྔོན་མའི་ལྷག་དཀར་ཉིན་ཁོང་གི་བརྩམ་ཆོས་༼ཨ་རིའི་གསར་བརྗེ་༽ཞེས་པའི་ཚན་པ་དང་པོ་དེ་བཀླགས་ཟིན། དེ་རིང་ཡང་ཚན་པ་གཉིས་པ་དེ་བཀླགས་ཡིན། འདི་ལྟར་རྒྱལ་ཁབ་དང་མི་རིགས་གཞན་གྱིས་གསར་བརྗེ་བྱས་རིམ་དག་རང་རིགས་ཀྱི་མ་སྐད་དུ་འབྲི་རྒྱུ་ནི་ཧ་ཅང་གལ་གནད་ཆེ་བར་སེམས་ལ་མུ་མཐུད་ནས་འབྲི་བར་རེ་བཞིན་ཡོད། དེ་མིན་རྩོམ་ཡིག་དེ་ཀློག་དུས་བསྒྱུར་རྩོམ་ལྟ་བུའི་ཚོར་འདུ་ཞིག་ནམ་ཡང་བསླེབས་ཀྱི་འདུག་འདི་ངས་གནད་འགག་ཅིག་རེད་ལབ་ཀྱི་མེད་བཀླག་ཚོར་ཙམ་ཡིན་ལགས།
ཐུགས་སྣང་དང་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། ངའི་རྩོམ་ཡིག་ལ་སྒྱུར་རྩོམ་གྱི་ཉམས་འདུག་ཅེས་ལོ་གཅིག་ལྷག་གོང་ནས་ཁ་ཤས་ཀྱིས་བརྗོད་བྱུང་། དེ་ལ་ཡིད་མ་ཆེས་པ་འདྲ་ཞིག་བྱུང་། ལོ་སྔོན་མ་ཞིག་ལ། ཕྲན་གྱིས་འགྲོ་བ་མིའི་ཀུན་སྤྱོད་རགས་བཤད་ཅེས་པ་ཞིག་བྲིས། བྲིས་ཚར་རྗེས་མཁྱེན་ལྡན་གྲོགས་པོ་རེ་མདོ་སེང་གེ་ལགས་སུ་ཞུ་བཅོས་གནང་རོགས་ཞེས་ཕུལ། ཁོང་གིས་རྩོམ་དེར་གཟིགས་རྗེས་སྒྱུར་རྩོམ་གྱི་ཉམས་འདུག་ཟེར། ལོ་གཅིག་ལྷག་ནང་། ངས་དབྱིན་ཡིག་བསྐྱར་སྦྱོང་བྱས། འདི་ཁུལ་གྱི་སློབ་གྲྭ་ནས་དེའི་སློབ་ཚན་ཡང་བླངས། Navitas ཞེས་པའི་སློབ་གྲྭ་ནས་དྲྭ་ཐོག་ཏུ་ཟུར་ཁྲིད་དགེ་རྒན་ལ་བསྟེན་ཏེ་ད་བར་དབྱིན་ཡིག་མ་ཆད་པར་སྦྱོང་བཞིན་ཡོད། དེ་དང་མཉམ་དུ་དབྱིན་ཡིག་གི་དཔེ་དེབ་རྒྱུན་དུ་ཁོམ་པ་བྱུང་ཚད་ལ་བཀླགས། རང་ཉིད་ལས་ཀ་བྱེད་སའི་ལས་ཁུངས་སུའང་ལས་དོན་ཡོངས་རྫོགས་དབྱིན་ཡིག་ཐོག་ནས་བྱས། དེ་འདྲའི་ཤན་ཞུགས་པ་མིན་ནམ་སྙམ།
སྔོན་མ་མཁས་དབང་ལྷ་ལུང་བློ་བཟང་ཕུན་ཚོགས་ཞེས་པ་ཞིག་ཡོད། ཁོང་གིས་ཕ་ཡིས་བུ་མོར་སྤྲིངས་པའི་འཕྲིན་ཚོགས་དང་། གྷན་རྡིའི་ལོ་རྒྱུས་བོད་སྒྱུར་གནང་། ཕྱིས་སུ་ཁེ་ཎ་ཌར་ཕེབས། དེར་རྒྱུན་རིང་བཞུགས་ཏེ་མི་ལའི་རྣམ་ཐར་སོགས་དབྱིན་སྒྱུར་གནང་། ཁོང་དབྱིན་ཡིག་ལ་གོམས་ཆེ་བས་མིན་ནམ། ཕྱིས་སུ་༸གོང་ས་མཆོག་གི་མཛད་རྣམ་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་དེ། དབྱིན་ཡིག་གི་ཤན་ཆེ་དྲགས་ཏེ་གོ་མི་བདེ་བར་གྱུར། མཐར་རྡོ་བུམ་རིན་པོ་ཆེ་སོགས་ཀྱིས་བཅོས་དགོས་ཆགས། ད་དེ་འདྲ་པོ་ཞིག་ང་ལའང་ཡོང་གི་མེད་དམ་སྙམ། འདི་ཚོ་གོ་དུས་ཡག་པོ་འདུག
བཀྲིས་བདེ་ལེགས། ལོ་རྒྱུས་ཀྱི་རྒྱས་བསྡུས་དང་བློས་སླངས་བྱེད་སྟངས་ཡག་པས་ཀློག་སྤྲོ་བར་འདུག འོན་ཀྱང་། རྩོམ་འགྲོས་ཀྱི་ཚིག་སྦྱོར་ཐད་ནས་འགྱུར་རྩོམ་གྱི་ཉམས་སྣང་སྟེར་གྱིན་འདུག དེ་ཡང་། དབྱིན་ཇིའི་གཞི་རིམ་སློབ་གྲྭའི་སློབ་དེབ་ཅིག་ཀློག་གིན་པའི་ཚོར་བ་སྤྲད་སོང་། དེ་ནི་རྨོངས་འཆར་རང་ཡིན་པས། མ་རྟོགས་ལོག་རྟོགས་ཡོད་ན་དགོངས་སེལ་ཞུ།
ཉིད་ཀྱི་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། རྩོམ་ཡིག་འདིའི་རྒྱུ་ཆར་འབྲེལ་ཡོད་ལོ་རྒྱུས་ཀྱི་དཔེ་དེབ་བཅུ་གྲངས་དང་། དྲན་ཐོ། ཉིན་ཐོ་སོགས་སྣ་ཚོགས་ཤིག་ཡོད། གཙོ་བོ་དེ་དག་བཀླགས་པའི་ཟིན་བྲིས་གཞི་ལ་བཞག་སྟེ་བྲིས་པ་ཡིན། འདིའི་ནང་ལོ་རྒྱུས་རྒྱས་གླེང་བྱས་མེད། གཙོ་བོ་ལོ་རྒྱུས་ཀྱི་གནས་ཚུལ་དེ་བྱུང་སྟངས་ཀྱི་སྤྱི་ཁོག་ཅིག་ངོ་སྤྲོད་ཐུབ་ན་བསམ་བྱུང་། དེ་ཙམ་ཡིན།
ཐོག་མ་ལྷག་དཀར་ཉིན་ཆུང་ཚེ་རིང་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་ཏུ། སྐུ་ཉིད་ཀྱི་ཕྱག་རྩོམ་ཨ་རིའི་རང་བཙན་ལོ་རྒྱུས་ཕྲན་ནས་རེ་སྒུག་བྱས་ནས་བསྡད་ཡོད་པ་དུས་ཐོག་ཏུ་སྤེལ་གནང་མཛད་པར་ཐུགས་རྗེ་ཤིན་ཏུ་ནས་ཆེ་ཞུ།
ཐུགས་སྣང་གནང་བར་ཐུགས་རྗེ་ཆེ། རྩོམ་ཡིག་འདི་མ་རྫོགས་བར། རེས་གཟའ་ལྷག་པ་ནམ་ཡིན་ལ་དུས་ཐོག་ཏུ་སྤེལ་ངེས་ཡིན་པས། དེ་ལུགས་ལྷག་དཀར་ནམ་ཡིན་ལ་འདིར་ཕེབས་རྐྱང་གནང་རོགས།
ཁྲལ་ཐེལ་ནི་ཚིག་བསྡུ་གསར་བ་ཞིག་རེད་སྙམ། ངས་བལྟས་ན་རྩོམ་ཡིག་སྙིང་བསྡུ་བྱེད་སྟངས་དེ་བསྟན་དོན་ལ་ཚིག་འབྲུ་བསྡུ་རྒྱུ་མང་དྲགས་ན་དེ་ཙམ་གོ་དཀའ་ལ་སྙན་པོ་རང་མི་འོང་།
ཁྲལ་ཐེལ་ནི། དབྱིན་སྐད་ཀྱི་Stamp tax བསྒྱུར་ཁུལ་ཡིན། དེ་ཡང་ཊེག་སེ་ནི་ཁྲལ་དང་། སེ་ཊམ་ནི་ཐེལ་ལམ་ཐེལ་ཙེ་ཡིན་པས། དེ་ལྟར་བསྒྱུར། སྒྱུར་སྟངས་འདི་ལས་གཞན་པའི་དགོངས་འཆར་ཡོད་ན་གནང་རོགས། ཐུགས་རྗེ་ཆེ།