བྱང་ཀོ་རི་ཡའི་གཞུང་གིས་ཨ་རིའི་མི་སེར་ཞིག་གིས་བྱང་ཀོ་རི་ཡའི་ནང་དྲག་པོའི་སྤྱོར་བ་བརྩམ་སྲིད་པའི་དོགས་གཞི་ཡོད་པའི་ཉེས་མིང་བཏགས་ཏེ་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པ་རེད།
བྱང་ཀོ་རི་ཡའི་ཚན་རྩལ་གཙུག་ལག་སློབ་ཆེན་ (PUST) ནང་ལས་ཀ་བྱེད་བཞིན་པའི་ཀེམ་ཧག་སཱོང་ (Kim Hak-song) འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་སྐོར། ཟླ་འདིའི་ཕྱི་ཚེས་ ༥ ཉིན་བྱང་ཀོ་རི་ཡའི་དབུས་བརྙན་འཕྲིན་ཁང་གིས་བསྒྲགས། ད་སྔ་བྱང་ཀོ་རི་ཡས་ཨ་རིའི་མི་སེར་གཞན་གསུམ་བཀག་བསྐྱིལ་བྱས་ཡོད་པ་དང་ཐེངས་འདི་ནི་བཞི་བ་དེ་ཆགས་ཡོད་པ་རེད།
དེ་སྔོན་ཨ་རིའི་གཞུང་གིས་ཀྱང་བྱང་ཀོ་རི་ཡའི་མི་སེར་ཁ་ཤས་འཛིན་བཟུང་བྱས་ཡོད་ཅིང་། དེ་དག་ཕྱོགས་གཉིས་བར་གྱི་ཆབ་སྲིད་ལག་ཆར་བེད་སྤྱོད་གཏོང་གི་ཡོད། བྱང་ཀོ་རི་ཡའི་དབུས་བརྙན་འཕྲིན་ཁང་གིས། ཀེམ་ཧག་སཱོང་འཛིན་བཟུང་བཀག་བསྐྱིལ་བྱེད་དོན་ནི། ཁོས་བྱང་ཀོ་རི་ཡའི་ནང་ཁྲིམས་འགལ་ནག་ཉེས་བཟོས་པ་ཞིབ་འཇིག་ར་སྤྲོད་བྱུང་སྐོར་བརྗོད། ཡིན་ནའང་ཀེམ་ཧག་སཱོང་གིས་ནག་ཉེས་ཅི་ཞིག་བཟོས་ཡོད་པ་གསལ་བཤད་བྱས་མེད།
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཝ་ཤིན་ཊོན་གཞུང་གིས་བྱང་ཀོ་རི་ཡས་ཨ་རིའི་མི་སེར་བཀག་བསྐྱིལ་བྱས་པའི་གནས་ཚུལ་དེ་ཤེས་ཡོད་པ་དང་། ཨ་རིས་བྱང་ཀོ་རི་ཡའི་ནང་གི་སི་ཝེ་ཌན་གཞུང་ཚབ་ཁང་ (Swedish Embassy) ལ་འབྲེལ་གཏུག་བྱེད་རྒྱུ་དང་། སི་ཝེ་ཌན་གཞུང་ཚབ་ཁང་གིས་བྱང་ཀོ་རི་ཡའི་ནང་གི་ཨ་རིའི་ལས་ཐད་རོགས་སྐྱོར་བྱ་རྒྱུ་ཡིན་སྐོར་བརྗོད། རོའུ་ཊར་གསར་ཁང་གིས་སྐུ་ཞབས་ཀེམ་གྱི་གནས་ཚུལ་ཞིག་ལུང་འདྲེན་བྱས་པའི་ནང་། སྐུ་ཞབས་ཀེམ་ཧག་སཱོང་གིས་བྱང་ཀོ་རི་ཡའི་ཚན་རྩལ་གཙུག་ལག་སློབ་ཆེན་ནང་ཡེ་ཤུའི་ཆོས་སྤེལ་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།
བྱང་ཀོ་རི་ཡའི་ཚན་རྩལ་གཙུག་ལག་སློབ་ཆེན་ནང་བྱང་ཀོ་རི་ཡའི་མཐོ་རིམ་མི་སྣའི་བུ་ཕྲུག་ཚོར་སློབ་འཁྲིད་བྱེད་ཀྱིན་ཡོད་པ་དང་། སློབ་ཆེན་དེ་ ༢༠༡༠ ལོར་ཨ་རི་དང་བྱང་ཀོ་རི་ཡའི་ཡེ་ཤུ་ཆོས་ཚོགས་ཁག་ཅིག་གི་རོགས་སྐྱོར་འོག ཡེ་ཤུ་ཁེ་ལས་པ་ཞིག་གིས་བཙུགས་པ་དང་། ད་ཆར་སློབ་ཆེན་དེར་ཕྱི་གླིང་གི་ཡེ་ཤུ་ཆོས་ལུགས་པ་ཁག་ཅིག་གིས་སློབ་འཁྲིད་བྱེད་ཀྱིན་ཡོད།
བྱང་ཀོ་རི་ཡས་ཨ་རིའི་མི་སེར་འཛིན་བཟུང་བཀག་བསྐྱིལ་བྱས་པའི་གནས་ཚུལ་དེ་ཕྱོགས་གཉིས་བར་གྱི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་ཇེ་ཆེར་འགྲོ་བཞིན་པའི་སྐབས་དང་འཁེལ་ཡོད། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ཏེ་ཨ་རིར་འཇིགས་སྐུལ་བ་དང་། ཨ་རིས་བྱང་ཀོ་རི་ཡའི་ཕྱོགས་སུ་དམག་གྲུ་ཆེད་གཏོང་གིས། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་འགོག་ཐབས་བྱེད་བཞིན་ཡོད།
གཟའ་པ་སངས་ཉིན། བྱང་ཀོ་རི་ཡས་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་གསང་བའི་མི་སྣས་བྱང་ཀོ་རི་ཡའི་མཐོ་རིམ་དཔོན་རིགས་ཀེམ་ཇོང་ཨན་བསད་པའི་སྐྱོན་བརྗོད་བྱས། ཨ་རི་དང་ལྷོ་ཀོ་རི་ཡའི་ཕྱོགས་ནས་བྱང་ཀོ་རི་ཡའི་སྐྱོན་བརྗོད་དེ་ལ་བརྡ་ལེན་སྤྲད་མེད་ཀྱང་། ཆེད་མཁས་པ་ཚོས་བྱང་ཀོ་རི་ཡའི་གླེང་གཞི་དེ་ལ་དོགས་པ་བྱེད་བཞིན་ཡོད།
ཀེམ་ཧག་སཱོང་འཛིན་བཟུང་བྱས་པ་དེ་བྱང་ཀོ་རི་ཡས་ཨ་རིའི་མི་སེར་འཛིན་བཟུང་བྱས་པ་ཐེངས་ ༤ པ་དེ་ཆགས་ཡོད། དེ་སྔོན་བྱང་ཀོ་རི་ཡས་ཨ་རིའི་མི་སེར་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་ནི། ༡། བྱང་ཀོ་རི་ཡའི་ཚན་རྩལ་གཙུག་ལག་སློབ་ཆེན་ནང་སློབ་འཁྲིད་བྱེད་མཁན་ཀེམ་སཱང་ཌུ་ཁི་ (Kim Sang-duck) ཡིན་པ་དང་། ཕྱི་ཟླ་ ༤ ནང་བྱང་ཀོ་རི་ཡས་ཀེམ་སཱང་ཌུ་ཁིས་སྲིད་གཞུང་མགོ་རྟིང་བསློག་རྩིས་བྱས་པའི་ཉེས་དོན་འོག་འཛིན་བཟུང་བྱས་ཡོད་པ་དང་། ལྷོ་ཀོ་རི་ཡའི་བརྒྱུད་ལམ་ཁག་ཏུ་ཀེམ་སཱང་ཊུ་ཁི་ནི་ད་ལྟ་རང་ལོ་ ༥༥ ཡིན་ཞིང་། ཁོ་དེ་སྔོན་ནས་བྱང་ཀོ་རི་ཡའི་མི་མང་གི་དཀའ་སྡུག་རོགས་སྐྱོར་ལས་དོན་ནང་མཉམ་ཞུགས་བྱས་ཡོད་ཚུལ་བརྗོད། ༢། ཀེམ་ཌོང་ཆུལ་ (Kim Dong-chul) ཡིན་པ་དང་། ཁོ་ད་ལྟ་རང་ལོ ༦༢ ཡིན་ཞིང་ན་ནིང་བྱང་ཀོ་རི་ཡས་ཁོ་ནི་གསང་ཉུལ་བ་ཡིན་པའི་ཉེས་མིང་འོག་ལོ་ ༡༠ ཁྲིམས་ཐག་བཅད། ༣། སློབ་ཕྲུག་ཨོ་ཊོ་ཝ་རམ་བྷེར་ (Otto Warmbier) ཡིན་པ་དང་ཁོ་ད་ལྟ་རང་ལོ་ ༢༢ ཡིན་ཞིང་། བྱང་ཀོ་རི་ཡས་ཁོས་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱེད་རྩིས་བྱས་པའི་ཉེས་དོན་འོག་ལོ་ ༡༥ ཁྲིམས་ཐག་བཅད་ཡོད།
གསར་འགོད་པ། པདྨ་རྒྱལ།