མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ཚོགས་མཁས་བཙུན་གྱིས་བོད་རུལ་མའི་སྣོད་ཕྱི་སློག་ནང་སློག

བོད་ཀྱི་དུས་བབ།
༢༠༡༧/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

<<བོད་ནང་གི་ཐལ་ཆ་ཆེ་རིགས།>>

ཨ་ཚོགས་མཁས་བཙུན།

བོད་ལ་བསང་མཆོད་དང་གཏེར་སྒྲུབ། དར་ལྕོག་བསྒྲེང་འཛུགས་དང་རླུང་རྟ་སྐྱོད་པ་སོགས་ཆོས་དང་། དམངས་སྲོལ། སྲིད་ལུགས་གསུམ་གཞི་གཅིག་ཏུ་འདྲེས་པའི་ཤེས་རིག་དང་། བློ་གྲོས་ཀྱི་སྟོབས་དང་ལོ་རྒྱུས་ཀྱི་རྟོག་སད་རིམ་པའི་རྒྱབ་ལྗོངས་ཅན་གྱི་ཤེས་བྱའི་རྣམ་གྲངས་མཐའ་ཡས་པར་ཡོད།

དེ་ལས་གཏེར་སྒྲུབ་ནི། གཅིག གནའ་བོའི་བོད་ཀྱི་གཏེར་ཁ་འདོན་ལས་མཇུག་གི་རྗེས་གཅོད་ཁོར་ཡུག་སྲུང་སྐྱོང་དང་ཤིན་ཏུ་འབྲེལ་བའི་བཅའ་བཅོས་ཁྱད་པར་བ་ཞིག་དང་། གཉིས་པ། གཏེར་ཁའི་ཕུད་བླ་མ་མཆོག་གསུམ་ལ་མཆོད་པ་དང་། ལྷ་ཀླུ་གཉན་གསུམ་ལ་རྔན་པའི་ཚུལ་ཀྱི་ཆོས་སྤྱོད་དང་འབྲེལ་བ་དང་། གསུམ་པ། བཅའ་དངོས་རྩ་ཆེན་དང་གསང་བ་མན་ངག་རིགས་ཕྱི་འཁྱེར་མི་ཡོང་བའི་གསང་རྒྱ་མཛོད་གཉེར་དང་འབྲེལ་བ་ངེས་ཅན་ཡོད། དེ་ལ་ཡར་མཆོད་པ་དང་འབྲེལ་བའི་གཞི་གཏེར་ཅེས་པ་དང་། མར་རྔན་པ་དང་འབྲེལ་བའི་ས་ཆུའི་གཏེར་ཏེ། གཏེར་གྱི་ལག་ལེན་འདི་གནའ་བོའི་རྒྱ་གར་ལའང་ཡོད་པ་དང་། གཏེར་ཆེན་པོའི་བུམ་པ་ཞེས་མཆོད་པའི་རྣམ་གྲངས་ཆེན་པོ་ཞིག་ཀྱང་རེད། འཕགས་ཡུལ་མཁས་པའི་གསུང་དུ། རྣལ་འབྱོར་ཆེ་ནང་ལྔ་ཚན་ལྔ།། རིན་ཆེན་གྱིས་བྲིས་སྙིང་བོ་བཞུགས།།
ལོངས་སྤྱོད་ཕྱིར་ན་གཏེར་གཟུང་སྟེ།། ཞེས་ཀྱང་གསུང་འདུག རྫ་མའི་བུམ་པ་སོགས་བུམ་པའི་རིགས་ཡིན་དགོས་པ་དང་། དེ་ཡང་ས་ཆུའི་གསང་གནད་ཤེས་རྟོགས་ཤིན་ཏུ་གལ་ཆེ་བ་དང་། སྦ་ཐེངས་རེར་སྦ་གྲངས་ཉུང་མཐའ་གཅིག་དང་མང་མཐའ་དགུ་ལ་མ་འདུས་པ་མེད་ཀྱང་། དེང་སང་གཏེར་དུ་མིང་བཏགས་པའི་འགྱིག་གི་ཁུག་མ་བརྒྱ་ཕྲག་སྟོང་ཕྲག་མང་པོ་ཆུ་ལ་འདེད་པ་དང་ས་ནང་སྦ་བ་ཆོས་ལོག་མིན་ན་སྨྱོན་རྟགས་རང་རེད།

མཚོ་སྔོན་པོའི་མཚོ་གཏེར།

རླུང་རྟ་ནི། གནའ་བོའི་འགྲུལ་སྐྱོད་ཡོ་བྱད་གཙོ་གྲས་རྟ་མཆོག་རིན་པོ་ཆེ་དང་ཤིན་ཏུ་འབྲེལ་ཞིང་། གནའ་བོའི་དུས་སུ་དོན་བྱ་ཉེ་རིང་གང་ལའང་རྟ་ལས་འཇུག་བདེ་བ་དང་མྱུར་ལམ་མེད་ཅིང་། དེ་ཡང་འབྱུང་ལྔའི་རླུང་ཁམས་དང་སྦྱར་བ་དང་། རླུང་སེམས་ཕྲ་མོ་གཉུག་གཤིས་གསང་གནད་དང་ལྡན་པའི་ཆོས་ཀྱི་ཀློང་ཆེན་པོའི་གོ་དོན་ཡང་མཆིས་པས། གསང་སྔགས་ཟབ་མོའི་ལུགས་དང་བསྲེས་པའི་གནད་དང་ལྡན། ད་དུང་འབྱུང་རྩིས་ཤན་ཀྱང་ཞུགས་པ་བཅས། རང་རེས་བསྐྱོད་རྒྱུ་རླུང་རྟ་དང་དར་རྒྱུ་དེ་ཀློང་རྟ་ཡིན་པའི་ཁྱད་ཀྱང་འབྱེད་ཤེས་དགོས། དེ་བསྐྱོད་སའང་ཡུལ་ལུང་ས་སྒང་མཐོ་ས་དང་། རྫ་རྒྱུད་རི་ཆེན་དག་གི་རྩེ་སོགས་ཡིན་ན་ལས། དེང་སང་ནང་བཞིན་ཉག་ལམ་ཐུག་ཚད་དང་། རྒྱུག་ལམ་གང་སར་གང་འདོད་གཏོར་བ་ནི་ཀློང་རྟ་རྒྱུག་དང་ཉམས་གང་ཡིན་མ་ངེས་སོ། ཁ་ལས་རླུང་རྟ། ཁ་རྒྱས་དབང་ཐང་།

ཉི་ཟླ་རི་བོའི་རླུང་རྟ།

བོད་ཀྱི་དར་ལྕོག་ནི། རྒྱལ་བའི་བཀའ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ལ་ཁུངས་བཅོལ་ཞིང་། དམག་དར་དང་འབྲེལ་བ་དམ་པོ་ཡོད། དཔུང་རྒྱན་ཞེས་པའི་གོ་དོན་ཡང་དེ་ཡིན། འདི་འདྲ་བ་དམག་ཤུགས་ཆོས་ཤུགས་གཉིས་ལྡན་གྱི་རྒྱལ་ཁམས་ཤིག་ལ་མ་གཏོགས་ཡོང་ཐབས་མེད་ཅིང་། ཕྱོགས་ལས་རྣམ་པར་རྒྱལ་བའི་མཚན་མཚོན་ཅན་རྟགས་བརྒྱད་གྲས་ཀྱི་རྒྱལ་མཚན་དང་དོན་སྙིང་གཅིག་པ་དང་། རྒྱལ་སྲིད་སྣ་བདུན་དང་ཡང་རྗེས་འབྲེལ་མ་ཆོག་པ་མེད་ཅིང་དོན་ལ་དམག་དར་ལས་འཕྲོས་པ་ཡིན། ལྷའི་དབང་བོ་བརྒྱ་བྱིན་ཁྱོད་གྱིས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་ཟུངས་ཤིག་ཅེས་སངས་རྒྱས་ཀྱི་བཀས་གནང་བ་བཞིན། ལྷའི་དབང་བོ་བརྒྱ་བྱིན་གྱིས་ཀྱང་དཔུང་རྒྱན་གྱི་གཟུངས་ལྷ་མ་ཡིན་གྱི་དབང་བོ་ཐག་བཟང་རིས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ནམ་དམག་དར་གྱི་རྩེ་མོར་བཀོད་པ་དང་འདྲ། དེ་འདྲ་ཡིན་དུས་རང་རེས་བསྒྲེང་དགོས་རྒྱུའི་དར་ལྕོག་དག་གི་རྩེ་མོར་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་རེ་ངེས་ཅན་དགོས་པའང་དེ་ཡིན།

དེ་བས་དར་ལྕོག་ནི་ཆོས་ཚན་བམ་དང་དུམ་པ་བགྱིས་ཏེ་དཔར་རྒྱུ་མ་ཡིན་པར། འཕགས་པ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་གཙོ་བགྱིས་ཏེ། ཆོས་ཚན་ཁག་གི་གཟུངས་སྔགས་ཟབ་མོ་དག་ཁོལ་དུ་ཕྱུང་ན་ལས། དེང་སང་ཆོས་ཚན་ཡོད་ཚད་འགྱིག་དང་རས་ལ་དཔར་པའི་སྟོང་དར་ཁྲི་དར་གྱི་མིང་འདོགས་ཅན་དེ་འདྲ་ག་ལ་ཡིན། ད་དུང་དེ་དག་ཀྱང་ཁྱིམ་གྱི་ཁྱམས་དང་། ཕྱུགས་རྭའི་སྒོ། རྩྭ་རྭའི་མཐའ། ཇ་ཁང་ཆང་ཁང་གི་ནང་། རྩེ་ཁང་ཚོགས་ཁང་གི་ཀླད་སོགས། མདོར་ན་ཡར་གྱི་ཁེ་ག་ཉག་ལམ་ནས་མར་གྱི་ཟམ་ཐོག་ལམ་ཁ་སོགས། ཡར་འགྲོ་སྟོང་གི་ལག་ནོག མར་འགྲོ་བརྒྱ་ཡིས་རྐང་ནོག་གི་གནས་སུ་གྱུར་བ་ནི་ཡི་མུག་པའི་གནས་སོ།།

དེ་ཡང་འཕགས་པ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ལས། རྒྱལ་པོ་ཆེན་པོ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཆེན་པོའི་གཟུངས་འདི་རྒྱལ་མཚན་གྱི་རྩེ་མོའམ་མགུལ་ཏུ་བཏགས་ན་ཞེས་དང་། གདུགས་དཀར་མཆོག་གྲུབ་མ་ལས་ཀྱང་། གཞན་གྱིས་མི་ཐུབ་པའི་རིག་སྔགས་ཀྱི་རྒྱལ་མོ་འདི། གྲོ་གའམ། རས་སམ། ཤིང་ཤུན་ལ་བྲིས་ཏེ་ལུས་སམ་མགུལ་དུ་བཏགས་སམ་ཀློག་པར་བྱེད་ན་ཞེས་དང་། རིག་སྔགས་ཀྱི་རྒྱལ་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་ཞེས་དང་། ལྗོངས་སམ་དགོན་པའི་གནས་སུ་གཟུགས་སོ། ཞེས་ལུས་སམ་མགུལ་དང་རྒྱལ་མཚན་གྱི་རྩེ་མོར་འདོགས་པར་གསུངས་པས་། སྤྱིར་རྟེན་འབྲེལ་གྱི་གནད་ཀྱིས་དར་ལྕོག་བསྒྲེང་སའི་གནས་ནི། རྫ་བརྒྱུད་རི་ཆེན་དག་གི་དབུས་དང་རྩེ་མོ་དང་། ས་བབ་མཐོ་ཞིང་རྣམ་པ་གཙང་ས་ཡིན་རྒྱུ་ཤིན་ཏུ་གལ་ཆེ། སྒྲེང་ཚུལ་ཡང་། དེ་ཉིད་ལས། ལྗོངས་སམ་དགོན་པའི་གནས་སུ་གཟུགས་སོ་ཞེས་གཟུགས་པར་གསུངས་པ་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཡིན་དུས། གྱེན་ཏུ་བསྒྲེང་ཞིང་མཐོན་པོར་སློང་ན་ལས། ཐད་དང་ཐུར་ལ་འཐེན་འདོགས་སོགས་རྟེན་འབྲེལ་ལ་ཉེ་ལ་མི་རུང་ངོ་།།

རྨ་ཆེན་གངས་འདབས་ཀྱི་དར་ལྕོག

བོད་ཀྱི་རི་གྲོང་གང་སར་ཕུད་མཆོད་བྱེད་བཞིན་པའི་བསང་རྫས་ཞེས་པ་ནི་དོན་ལ་བསང་རྩི་ཟེར་དགོས། བསང་རྩི་ཞེས་པའི་བསང་གི་གོ་དོན་ནི། ལྷ་སྲུང་གཞི་བདག་རིགས་ཀྱི་མནོལ་བ་བསང་ཞིང་རྩོག་གྲིབ་དག་པའི་དོན་མ་གཏོགས། བཟའ་འབྲུ་ཕྱེ་རྩམ་དེ་བཟའ་བཏུང་ནང་བཞིན་བཞེས་དགོས་རྒྱུའི་དོན་གཏན་མིན། གཞན་ཏུ་ན་བོད་མིའི་ཁ་རྒྱུན་ལ། ལྷ་ལ་ལྷ་བསང་དང་། ཀླུ་ལ་ཀླུ་བསང་། མི་ལ་མནོལ་བསང་ཞེས་པ་ལྟར་མིས་མནོའ་བསང་བཟའ་དགོས་ཐུག་པས་དེ་མ་རེད་དེ། རྒྱགས་རྔན་བསང་མཆོད་དང་ཁྱད་ཞུགས་པས་གཏན་མི་འདྲ།

རྒྱགས་རྔན་ལ་གཟོད་ཕྱེ་རྩམ་གྱི་བཅའ་བཟོ་དང་ཆོ་ག་ཕྱག་ལེན་རྒྱ་ཆེ་བས། རང་དགར་ལུད་ལྟར་སྤུངས་རྒྱུ་ཞིག་མ་ཡིན་ཞིང་། གང་ཡིན་ཡིན་དེ་འཇུག་བདེ་བོ་ཞིག་ཀྱང་དེ་བས་མིན། དེ་ལ་ཕྱེ་རྩམ་གྱི་གྲུ་བཞི་བང་རིམ་བཞི་བའི་རི་རབ་ཀྱི་མཁར་དཀོན་མཆོག་ལ་གཏོར་མ་འདབ་བཞི་ཅན་དང་། བརྟན་མ་བཅུ་གཉིས་ཀྱི་གཏོར་མ་སྙིང་གཟུགས་ཅན། སྡེ་བརྒྱད་ལ་ཟོར། མགོན་པོ་ཡོན་ཏན་གྱི་འགྲོན་ལ་བཤོས་བུ། སྲིད་ཞིའི་འགྲོན་ལ་འབྲང་རྒྱས། ཡར་ལྷ་ཤམ་པོ་སོགས་ལ་ཟོར་ལ་ར་ལུག་གཡག་གསུམ་གྱིས་མཚན་པ། ད་དུང་གཟུགས་འགྲོའི་རིགས་ལ། ས་ལ་འཛུལ་དགུ གནམ་ལ་འཕུར་དགུ བར་ལ་འགྲིམ་དགུ་སོགས་དང་། གཞན་ལན་ཆགས་བུ་ལོན་གྱི་འགྲོན་ལ་གླུད་ཅིག་དང་། དེ་བས་ཀྱང་བཀྲ་རྫས་རྟགས་བརྒྱད་ཀྱི་མཆོད་པ་སོགས་མཆོད་པའི་རྣམ་གྲངས་རྒྱ་གང་ཆེ་ཆེ་དེ་འདྲ་ལ་རྒྱག་རྔན་བསང་མཆོད་ཞུ་བ་ཡིན་ཞིང་། དེ་ལ་ནི་ལྷ་སྲུང་གཞི་བདག་རིགས་ཀྱིས་བཞེས་རྒྱུ་འཁྱེར་རྒྱུ་གསོག་རྒྱུ་སོགས་ཀུན་འཛོམས་ཀྱི་འདུན་ཤེས་དང་ལྡན་པར་ཕུད་མཆོད་དགོས་ཤིང་། རྣམ་པ་ཐམས་ཅད་དུ་བསང་རྩི་དང་རྒྱག་རྔན་གྱི་ཁྱད་ཕྱེ་དགོས།

འདིའི་རྩི་ཡང་བསང་བྱེད་ཀྱི་རྫས་ཤིང་སྣ་སྨན་ཏོག་རིགས་ལ་ཟེར་གྱི། བཟའ་འབྲུ་ཕྱེ་རྩམ་རྗེན་མར་རྩི་ཡི་ཐ་སྙད་མི་ཐོགས་ཤིང་། དེ་འབོར་ཆེན་བསང་དུ་གཏོང་བའི་དོན་ཡང་གཏན་མ་རེད། དེ་བས་གཞི་རིམ་མང་མ་ནས་སྡིག་སྤོང་དགེ་སྒྲུབ་དང་། ཆོ་ག་ཕྱག་ལེན་གང་ཐད་འདྲི་རྟོག་རྩད་གཅོད་ཀྱིས་ཧ་གོ་དོན་རྟོགས་ཡོང་བ་ཞིག་ཤིན་ཏུ་གལ་ཆེ་བ་ཡིན། དེ་མིན་ཆོས་འཇིག་རྟེན་གང་ཡང་མིན་པའི་སྟེང་འདི་ལྟར་འཕྲོ་བརླག་ཆུད་འཛའ་བ་དང་། མཐའ་མ་རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ཀར་འགལ་བར་ཡང་དོགས་སོ།།

སྤྱིར་ལག་ལེན་དང་རྒྱུན་སྲོལ་འདི་གོ་ནོར་མ་ཐེབས་ཤིང་ཐལ་ཆ་མ་ཆེ་ན་ཚན་རིག་གི་རང་བཞིན་ཆེས་ཆེར་ལྡན་པ། གཞན་ལ་ཡོད་ན་སྨོན་རྒྱུ་དང་རང་ལ་ཡོད་ན་ངོམ་རྒྱུ། ཁྱད་པར་དེང་སང་དུས་ངན་སྙིགས་མར་སོང་བས་དུག་རྫས་སྣེ་མང་དང་། དུག་རླངས་འདྲ་མིན་བཅས་ཀྱིས། ཕྱི་ཁོར་ཡུག་ནས་ནང་འགྲོ་བ་ཡོངས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གཙེས་ཤིང་། འཇིགས་སྣང་དང་དཀའ་ངལ་དུ་མ་སྐྱེལ་ཡོང་བའི་ཁ་གཏད་ལ་བསང་རྩི་འདི་མེད་ཐབས་མེད་པས། ཡབ་མེས་གོང་མ་རྣམས་ཀྱིས་དེའི་ཐད་རང་རེར་བསྩལ་བའི་ནོར་མཆོག་བླ་མེད་ཅིག་དང་། དེ་ཡང་ཆོས་ལུགས་ཀྱི་ར་བ་ལས་བརྒལ་བའི་ཐབས་མཆོག་ཅིག་ཏུ་བརྩི་ཆོག་པ་གཤམ་དུ་གསལ་ཡོང་།

དོན་ལ་བསང་རྩིའི་རྫས་སྣ་དག་ནི་གཤམ་གསལ་དག་ཡིན་དགོས། གསེར་ལོ་འབར་བའི་སྟག་པ། གཡུ་ལོ་འབར་བའི་ཤུག་པ། དུང་ལོ་འབར་བའི་བ་ལུ། འཁན་པ་གསེར་འགོ། སྤེན་དཀར། ཉ་རུབ། འོམ་བུ། ཐང་ལོ། སུར་དཀར་བཅས་བདུད་རྩི་ཅན་གྱི་ཤིང་སྣ་བདུན་དང་། འབྲུ་སྣ་ལྔ་མཚོན་ཙམ་པ་བཅས་དེའི་སྟེང་རབ་ཡིན་ན།

སྙིང་ལ་བཟང་པོར་ཛ་ཏི། གློ་བར་བཟང་པོར་ཅུ་གང་། མཆིན་པར་བཟང་པོར་གུར་གུམ། སྲོག་རྩར་བཟང་པོར་ལི་ཤི། མཁལ་མར་བཟང་པོར་སུག་སྨེལ། མཚེར་བར་བཟང་པོར་ཀ་ཀོ་ལ་བཅས་སྨན་སྣ་དྲུག་ཀྱང་རྫས་ཙམ་པ་བསྣན་ཏེ། དེ་ལྟར་བསང་རྩི་ནི་བོད་གདོད་མའི་སྤོས་སྦྱོར་གྱི་ཐོག་མ་དང་། བོད་སྤོས་ཀྱི་ཨ་མ། སྣོད་བཅུད་གཉིས་ལ་ཁྱབ་པའི་སྨན་གྱི་རིགས་ཤིག་ཡིན་ན་ལས། ལྷ་སྲུང་གཞི་བདག་གི་བཟའ་བཏུང་བཞེས་རྒྱུ་ཞིག་གཏན་མིན་པ་ཀུན་གྱིས་གོ་བར་བགྱིས་ཏེ། རང་སེམས་རང་གིས་གསོས་ནས་དགའ་དྲོག་དྲོག། རང་མགོ་རང་གིས་གཡོག་སྟེ་ནག་འཐོམ་མེར་མི་འགྲོ་བ་ཞིག་གལ་བོ་ཆེ་ལ་ནན་ཏན་ཡིན།

དེ་ལྟ་ན་༧ཀརྟི་སྐྱབས་མགོན་དབུས་པའི་བོད་ཀྱི་བླ་ཆེན་སྐྱེས་ཆེན་གང་མང་ཞིག་གིས་ཀྱང་། ད་ལྟའི་རང་རེས་བསང་ཕུད་ལུགས་གཏོང་སྟངས་འདི་མ་འགྲིག་མི་རུང་བའི་བཀའ་སློབ་ལམ་སྟོན་འགངས་ཐོན་པ་མང་ཡང་། ཡི་གེ་མང་དོགས་པས་འབྲི་མ་དགོས་པ་ཞུས། རབ་ཡིན་ན་བསང་ལ་སྨན་ཏོག་དང་བདུད་རྩི་ཅན་གྱི་ཤིང་སྣ་བདུན་སོགས་ཕུད། གལ་ཏེ་མ་འཛོམས་ན་རྫས་སྣ་འདི་རིགས་མང་བསྐྱེད་པའི་བསང་རྩི་རིགས་འབད་པས་འཚོལ་སྒྲུབ་མ་གཏོགས། བཟའ་འབྲུ་ཕྱེ་རྩམ་རྐྱང་བ་བསང་རྩི་ལ་མི་རུང་ཞིང་། ཆོས་འདུལ་བར་ཡང་སྐྱེ་བ་གཅོད་པའི་ལྟུང་བྱེད་དུ་རྣམ་པ་ཐམས་ཅད་དུ་བཀག་ཅིང་། ཁྲི་བསང་འབུམ་བསང་ཞེས་པའང་རྒྱ་མའི་ལྗིད་ཚད་མིན་པར། རྫས་སྣའི་འཇུག་ཚད་དང་དེའི་ལོ་མེ་འབྲས་གསུམ་གྱི་གྲངས་དང་བོངས་ཚད། རྫས་སྔགས་ནུས་གསུམ་གྱི་ཆོད་ཆེ་ཆུང་བཅས་ལ་ལྟོས་སོ།།

དེ་བས་ད་ལྟ་བོད་ནང་གྲོ་ནས་ཕྱེ་རྩམ་རྗེན་མ་དང་དེ་ཡང་འབོར་ཆེན་པོ་བསགས་པའི་སྟེང་། ད་དུང་དར་གོས་ཀྱི་མིང་བཏགས་པའི་འགྱིག་སྣ་ཚོགས་པའི་སྣོན་མ་དང་བཅས་པའི་རི་ལྟར་སྤུངས་ཏེ། ཆོ་ག་དང་ཕྱག་ལེན་དེ་ཡིན་འདི་ཡིན་མེད་པའི་བསང་གཏོང་བའི་ལུགས་ཀྱི་རྣམ་པ་དང་སྣང་ཚུལ། ཧང་སང་འགྲོ་བའི་ཡུལ་དངོས་དང་པར་གྱི་རྣམ་པར་སྤྱི་ཚོགས་སྟེང་ཐོན་ཡོང་བའི་གནས་སྟངས་འདི་འདྲ་ན། ད་ལྟ་བོད་པའི་ཡུལ་སྡེ་མང་པོ་ཞིག་ཆོ་མེད་པར་ཆགས་འདུག་ཅིང་། ལྷ་ཀླུ་གཉན་གསུམ་མ་གཏོགས། བླ་མ་མཆོག་གསུམ་དང་ཡི་དམ་ཆོས་སྲུང་ཞེས་པ་མ་དགོས་པའི་ཆོས་མིན་སྲིད་མིན་ཕུང་གསུམ་པ་ཞིག་ལ་འཐམ་འདུག གཅིག་བགྱིས་ན་འདིའི་རིགས་འདི་ཆོས་དག་པ་ཞིག་ལ་གང་ཞིག་གི་འཇབ་རྒོལ་ཐེངས་ཅིག་ཡིན་ཡང་སྲིད། ཡང་ན་མི་རིགས་རླབས་ཆེན་་ཞིག་གི་ཤེས་རིག་དང་བློ་གྲོས་ལ་གཏོར་རྒོལ་མུ་ལ་མཐུད་པའི་སེམས་ནག་འདྲ་ཡིན་ཡང་ཐང་། གླེན་རྟགས་འདི་རིགས་ཀྱི་འབྱུང་གནས་གཙོ་བོ་ཨ་མདོའི་ས་ཁུལ་དག་ཡིན། དེའི་ནང་ཁོངས་ནས་ཀྱང་མཚོ་སྔོན་པ་དང་བྱེ་བྲག་ཏུ་མཚོ་ལྷོ་དང་། མགོ་ལོག མཚོ་བྱང་བཅས་དང་དེ་བས་ཀྱང་མཚོ་ལྷོ་ས་ཁུལ་རེད། སྤྱིར་བསང་མཆོད་ཕུད་སྟངས་འདི་འདྲ་མིན་པ་ལྷ་སའི་གཙུག་ལག་ཁང་རྣམ་གཉིས་དང་། བྱང་གི་དགོན་ཆེན་བཞི་གཙོས་བོད་ཆོལ་ཁ་གསུམ་གྱི་དགོན་སྒྲུབ་གྲྭ་ཆེ་ཁག་དང་། ཡུལ་ལུང་ཆེ་སའི་ལྷ་གསོལ་གཏོང་ལུགས་རང་རེར་མཐོང་ཆོས་སུ་ཡོད་པ་ནས། ཁ་ཚ་དགོས་གཏུགས་ཀྱིས་བསླབ་བྱ་བླངས་ཤིང་བློ་སྐྱེད་དང་གོ་རྟོགས་སད་ངེས་པ་ཞིག་ལ་རེམ་དགོས་ཡོད་དོ།།

ད་དུང་ཕྱིའི་ས་བབས་ཀྱི་ཆ་རྐྱེན་དང་། ནང་ལག་ཤེས་ཀྱི་བྱང་ཚད་ཧ་ཅང་དམའ་བའི་དབང་གིས་ཉམ་ཐག་སྙིང་རྗེའི་ཡུལ། ལྷོ་ཨ་ཧྥེ་རི་ཀའི་མི་ནག་དཀའ་ངལ་ཅན་རྣམས་ཀྱིས་མཚོན། རང་བྱུང་གི་གནོད་པ་དང་དམག་འཁྲུག་གི་བྱེད་ཉེས། རྒྱལ་སྐྱོང་གི་ཇུས་ཉེས་བཅས་ལ་བརྟེན་པའི་འཛམ་གླིང་ཕྱོགས་གང་སའི་དབུལ་ཕོངས་ཉམ་ཐག་པ་རྣམས་ཀྱི་ཉིན་རེའི་ལྟོ་གོས་གཏམ་གསུམ་གྱི་གནས་སྟངས་ལ་གཞིག་ན། རང་རེས་བསང་མཆོད་ལ་བསྙད་པའི་བཟའ་འབྲུ་རྗེན་མ་དང་། ཕྱེ་རྩམ་ཕོན་ཆེན་འདི་བཞིན་མེ་ལ་གཏོང་ཞིང་ཆུ་ལ་བསྐྱུར་བའི་གནས་མ་ཡིན་ཞིང་སྐབས་མ་མཆིས་སོ། ལྷག་དོན་འཛམ་གླིང་ས་ཆེན་པོ་འདིའི་སྟེང་བླང་དོར་གྱི་རྣམ་དབྱེ་རྒོད་ཅིང་སྙིང་རྗེའི་འཇུག་པ་ཞིབ་པའི་མི་རིགས་གྲགས་པ་ཅན་ཞིག་གིས་དེ་བས་ཀྱང་ཨ་ཅང་ཅང་། དེ་ནི་གཞན་གྱིས་ཁྲེལ་ཅིང་རང་ཉིད་ཕུང་བའི་རྒྱུ་ཁོ་ནའོ།།

མདོ་སྨད་བྱང་བརྒྱུད་ཀྱི་བསང་མཆོད། 

བྱམས་སྙིང་རྗེ་ཅན་གྱི་མི་རིགས།། བློ་རྣམ་དཔྱོད་རྒོད་པའི་མི་བུ།། སྤྱིར་གླེན་རྟགས་མ་སྟོན་ངོ་རེ་ཚ།། སྒོས་བླང་དོར་མ་ནོར་དོན་རེ་ཆེ།། ཞེས་བཟའ་འབྲུ་ཕོན་ཆེན་དང་ཕྱེ་རྩམ་རྐྱང་བ་བསང་དང་བསུར་ལ་རྫུས་ནས་ཚོང་ཁེ་གཉེར་བ་དང་། བཟའ་འབྲུ་དགོས་མེད་ཆུད་འཛའ་བའི་ཚབས་ཆེན་རང་བཞིན་དང་། བོད་བསང་རིག་གནས་གོ་ནོར་ཉམ་ཉེས་སུ་འགྲོ་བཞིན་པར་དམིགས་ཏེ། མདོ་སྨད་མཚོ་ལྷོ་བ་ཨ་ཚོགས་མཁས་བཙུན་གྱིས་དཔལ་ཁ་གསེར་གཞུང་དུ་བྲིས།

འགྲིག་རང་རྩ་ནས་སྡོམ། སྐྱོན་རང་ཐོག་ནས་བཤད།

ད་དུང་ད་ལྟ་གཞི་ནས་ཐལ་ཆེ་བའི་རྟ་རྒྱུག་མདའ་འཕེན་སོགས་ཀྱི་ཁ་དར་བཞིན་འདུག་པས། བོད་ལ་ཁ་བཅོས་ཀི་སོང་ན། སྣ་ཡོ་ནས་འགྲོ་བའི་ཆུ་མི་ཐུབ་ཀི་གནས་སྟངས་མང་དྲགས་པས་དེ་ཙམ་ལས་འབྲི་མ་ལང་ངོ་།

ཕྱི་ལོ་ ༢༠༡༧ ཧོར་ལུགས་ཟླ་ ༡ ཚེས་ ༡༥ ཉིན།

འབྲེལ་ཡོད་གསར་འགྱུར།

Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤

མཆན། 2

  1. དྲི་མེད་རྒྱལ་མཚན། says:
    ལོ་ 9 སྔོན།

    ང་ལའང་གོང་གི་བློ་བཟང་ལགས་ཀྱི་དཔྱད་མཆན་ནང་གསུང་པའི་ཚོར་བ་དེ་ག་རང་བྱུང་སོང་། རྩོམ་ཡིག་འདི་གཏིང་ཟབ་མོ་དང་ཡག་པོ་ཞེ་དྲག་བྲིས་འདུག་ཀྱང་། སྲོལ་རྒྱུན་འབྲི་སྟངས་ཤུགས་ཆེ་དྲག་པའི་དབང་གིས་བསྟན་དོན་རྡོག་རྡོག་དེ་ཁ་གསལ་བོ་དང་རྩེ་རྣོན་པོ་བཟོ་ཐུབ་མེད་པ་ཞིག་འདུག

    Reply
  2. བློ་བཟང་། says:
    ལོ་ 9 སྔོན།

    དུས་ཐོག་ཆར་བ་ལྟ་བུའི་རྩོམ་ཡིག་ཅིག་རེད། ད་དུང་ཁ་ཇེ་གསལ་དུ་བཏང་སྟེ་ད་ལྟའི་ངོ་དེབ་སོགས་ན་ཁ་བརྡར་རེས་བྱེད་ཀྱི་ཡོད་པ་ནང་བཞིན་ཞིག་བྲིས་ཡོད་ན་དེ་ལས་ཀྱང་རྣག་ཐོག་བཙག་འཁེལ་ཆགས་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese