ཁ་སང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཚེས་ ༩ ཉིན་གྱི་མཚན་མོ་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་བྷོ་སི་ཝ་ནཱ་(Botswana)རྒྱལ་ས་གྷ་བྷོ་རོ་ནེ་(Gaborone)རུ་ཡོད་པའི་ནང་པའི་ལྷ་ཁང་ཞིག་གི་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་རྐུ་ལ་ཤོར་ཡོད་འདུག
གྷ་བྷོ་རོ་ནེ་གྲོང་ཁྱེར་ནང་པའི་མཐུན་ཚོགས་ཀྱིས་བརྗོད་པ་ལྟར་ན། སྟོན་པའི་སྐུ་བརྙན་དེ་ནི་ཕྱི་ལོ་ ༡༩༩༦ ལོར་ཐེ་ལན་ཌི་ནས་ཞལ་འདེབས་སུ་ཕུལ་བ་ཞིག་ཡིན་པ་དང་། སྐུ་བརྙན་དེའི་རྒྱུ་ཆ་ལི་ལས་གྲུབ་པ་དང་། རིང་ཚད་ལ་སྨིད་ ༥ དང་ཞིང་ཚད་ལ་མི་ཊར་ ༡་༢ ཡོད་ཅིང་། གལ་སྲིད་སྐུ་བརྙན་དེ་ས་ཆ་གཅིག་ནས་གཅིག་ལ་སྤོ་དགོས་ཚེ་ཆེས་ཉུང་མཐར་མི་ ༨ དགོས་ཀྱི་ཡོད་འདུག
འོན་ཀྱང་། སྐུ་བརྙན་དེ་རྐུ་ལ་ཤོར་རྗེས་ས་ཁུལ་དེའི་ནང་པ་ཚོས་སེམས་ཚབས་ཆེན་པོ་བྱེད་ཀྱི་ཡོད་སྟབས། ཁོ་ཚོས་མགྱོགས་མྱུར་ངང་སྐུ་རྟེན་དེ་ཕྱིར་རག་ཐབས་སུ་ཉེན་རྟོག་པར་ཞུ་གཏུག་བྱས་ཡོད་འདུག གྲོང་ཁྱེར་དེའི་ས་གནས་མི་མང་གིས་རྐུན་མ་དེ་ཚོས་ཕལ་ཆེར་སྐུ་བརྙན་དེ་གསེར་གྱིས་བཟོས་ཡོད་པའི་ཚོད་དཔག་བྱས་ཡོད་འདུག་ཅེས་རྗོད་བཞིན་ཡོད་འདུག
བྷོ་སི་ཝ་ནཱའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་རྡར་སི་ནེ་སི་ཝལ་(Darhsini De Silva)ལགས་ཀྱིས་སྐུ་བརྙན་དེའི་རིན་ཐང་ཨ་སྒོར་ ༢༤༥༠༠ ཙམ་ཡིན་སྐོར་བྷི་བྷི་སིའི་གསར་ཁང་ལ་བརྗོད་ཡོད་པ་དང་། གྷ་བྷོ་རོ་ནེ་ས་གནས་ཉེན་རྟོག་མགོ་ཁྲིད་གཞོན་པ་བྷོ་སི་ཇཱ་(Bosija)ལགས་ཀྱིས་དེ་སྔོན་གསལ་བསྒྲགས་ཤིག་གི་ནང་དུ་སྐུ་བརྙན་དེ་འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༣ ཉིན་གྷ་བྷོ་རོ་ནེ་ནང་པའི་ལྷ་ཁང་དེ་གུང་གསེང་སྐབས་རྐུ་ལ་ཤོར་འདུག་ཅེས་བརྗོད་ཡོད་ཀྱང་། ས་གནས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་སི་ཝལ་ལགས་ཀྱིས་བྷི་བྷི་སིའི་གསར་ཁང་ལ་བརྗོད་པ་ལྟར་ན། ཕྱི་ཟླ་ ༧ པའི་ཚེས་ ༩ ཉིན་གྱི་མཚན་མོར་རྐུན་མ་ཁག་ཅིག་གིས་ལྷ་ཁང་དེའི་དྲིལ་བརྡ་འཕྲུལ་ཆས་གྲགས་འགུལ་མེད་པ་བཟོས་རྗེས་སྐུ་བརྙན་དེ་བརྐུས་འདུག་ཅེས་བརྗོད་ཡོད།
ལྕམ་སི་ཝལ་ལགས་ཀྱིས་སྐུ་བརྙན་དེའི་ལྗིད་ཚད་ལ་བསམ་བློ་བཏང་ན་ཧ་ལམ་སྟོན་སྐུ་དེ་ནག་ཚོགས་ཤིག་གིས་བརྐུས་ཡོད་ས་རེད་ཅེས་བརྗོད་ཡོད་པ་དང་། སྐུ་བརྙན་དེ་ནི་ཕྱི་ལོ་ ༡༩༩༦ ལོའི་ཕྱི་ཟླ་ ༧ པའི་ནང་ཐེ་ལན་ཌིའི་ནང་པའི་གྲྭ་བ་ ༡༠ ཡིས་བྷོ་སི་ཝ་ནཱའི་ནང་གདན་འདྲེན་ཞུས་ཏེ་རབ་གནས་མཆོད་འབུལ་སོགས་ཀྱི་ཆོ་ག་བསྒྲུབས་ཡོད་པ་དང་། བྷོ་སི་ཝ་ནཱའི་ནང་པའི་ལྷ་ཁང་དེའི་ནང་སྟོན་པའི་སྐུ་བརྙན་གཞན་ཞིག་ཀྱང་ཡོད་པ་དང་། དེ་ནི་ལོ་ངོ་ ༤ ཡར་སྔོན་ལ་སིང་གྷ་ལ་ནས་གདན་འདྲེན་ཞུས་པ་ཡིན་འདུག
གྲོང་ཁྱེར་དེའི་ཉེན་རྟོག་པས་ད་བར་མི་གཅིག་ཀྱང་འཛིན་བཟུང་བྱེད་ཐུབ་མེད་ཀྱང་། ཁོ་ཚོས་མུ་མཐུད་དུ་ཞིབ་འཇུག་བྱེད་ཀྱིན་ཡོད་ཅེས་བརྗོད་ཡོད་པ་དང་། ས་གནས་ནང་པའི་མཐུན་ཚོགས་ཀྱིས་གལ་སྲིད་ཉེན་རྟོག་པས་རྐུན་མ་དེ་དག་མགྱོགས་མྱུར་ངང་འཛིན་བཟུང་གིས་སྟོན་སྐུ་ཕྱིར་གདན་འདྲེན་ཞུ་མ་ཐུབ་ཚེ་རྐུན་མ་ཚོས་སྐུ་བརྙན་དེ་མེར་བསྲེགས་བཏང་སྟེ་དུས་གཏན་དུ་ཕྱིར་ཡོང་མེད་པ་བཟོ་སྲིད་པའི་སེམས་ཚབ་བྱེད་བཞིན་ཡོད་འདུག བྷོ་སི་ཝ་ནཱའི་ལྷ་ཁང་ཁག་ལ་རྐུན་མ་ཤོར་བ་ཐེངས་གཅིག་མིན་པ་དང་། དེ་སྔོན་ཧིན་རྡུའི་ལྷ་ཁང་ཞིག་ནས་ཀྱང་སྐུ་བརྙན་ཞིག་རྐུ་ལ་ཤོར་ཏེ་ད་ལྟའང་ཕྱིར་རེག་མེད་པ་རེད།
ཐེངས་འདིའི་བྷོ་སི་ཝ་ནཱའི་ནང་པའི་ལྷ་ཁང་ནང་རྐུན་མ་ཤོར་བའི་གནས་ཚུལ་དེ་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་བྷོ་སི་ཝ་ནའི་ནང་མ་ཕེབས་སྔོན་ལ་བྱུང་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༡༩ བར་ཉིན་གསུམ་རིང་རྒྱལ་ཁབ་དེའི་ནང་ཕེབས་རྒྱུའི་མཛད་འཆར་ཡོད་སྟབས། ཐེངས་འདི་ནི་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་ཧྥི་རི་ཁའི་ནང་མཛད་འཕྲིན་སྐྱོང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
རྒྱ་ནག་ནི་བྷོ་སི་ཝ་ནཱའི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཐེངས་འདིར་རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་བྷོ་སི་ཝ་ནཱའི་ནང་ཕེབས་རྒྱུའི་མཛད་རིམ་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཀྱང་། བྷོ་སི་ཝ་ནཱའི་ཕྱི་སྲིད་བློན་ཆེན་ལྕམ་པེལ་ནོ་མེ་ཊོ་(Pelonomi Venson-Moitoi)ལགས་ཀྱིས་མོ་རང་གི་རྒྱལ་ཁབ་ནི་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱལ་ཁབ་དེའི་ནང་མི་སུ་ཞིག་ཡོང་ཆོག་དང་མི་ཆོག་གི་ཐག་གཅོད་དེ་ཁོང་རང་ཚོས་ཐག་གཅོད་བྱེད་རྒྱུ་ལས་གཞན་སུ་གང་ལའང་དབང་ཆ་མེད་སྐོར་བརྗོད་ཡོད་འདུག དེ་སྔོན་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཧྥི་རི་ཁའི་ནང་ཕེབས་འཆར་གྱི་མཛད་རིམ་ཐེངས་ ༥ ལ་བཀག་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
གསར་འགྱུར་ཡག་པོ་འདུག འོན་ཀྱང་ཧ་ཅང་མངོན་གསལ་ཅན་གྱི་ཡིག་ནོར་མང་པོ་ག་དུས་ཡིན་ནའང་འདུག་པས་ཡིག་ནོར་ལ་ཅུང་ཟབ་ཟབ་གནང་རོགས།