སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་སྔ་དྲོར་རྒྱ་གར་མོམ་བྷེ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཡོད་པའི་བྷེན་དི་ཁྲོམ་རར་(Bhendi Bazaar)ཡོད་པའི་ཁང་རྩེག་རྙིང་པ་ཐོག་རྩེག་གསུམ་ཅན་ཞིག་གློ་བུར་དུ་བརྡིབས་ཏེ། ཉུང་མཐར་མི་གྲངས་ ༢༤ ལྷག་རྐྱེན་འདས་ཕྱིན་ཡོད་པ་དང་། ད་ལྟ་རྒྱ་གར་གྱི་ཉེན་རྟོག་པ་དང་དང་བླངས་ཚོགས་པ་ཁག དེ་བཞིན་རོགས་སྐྱོར་ཚོགས་པ་ཚོ་མཉམ་རུབ་ཀྱི་ཐོག་ནས་ཛ་དྲག་མྱུར་སྐྱོན་བྱེད་བཞིན་ཡོད་འདུག
མོམ་བྷེ་གྲོང་ཁྱེར་གྱི་བྷེན་དི་ཁྲོམ་ར་ནི་ཚོང་ཁང་མང་པོ་ཡོད་ས་དང་མི་མང་པོ་འདུ་འཛོམས་ས་ཞིག་ཡིན་འདུག་ལ། ད་ལྟའི་བར་ཁང་རྩེག་རྡིབ་སྐྱོན་ཁྲོད་མི་གྲངས་ ༣༧ བཏོན་ཐུབ་ཡོད་པ་དང་། དེ་ལས་མི་ ༡༧ སྨན་ཁང་དུ་བསྙལ་ནས་སྨན་བཅོས་བྱས་དང་བྱེད་མུས་ཡིན་ཞིང་། ལྷག་མ་རྣམས་དེ་ཙམ་གནོད་སྐྱོན་ཚབས་ཆེན་ཕོག་མེད་སྟབས་སྨན་ཁང་དུ་སྐྱེལ་དགོས་བྱུང་མེད་པ་རེད།
མོམ་བྷེ་གྲོང་ཁྱེར་ལྟ་སྐྱོང་ལྷན་ཁང་གིས་། ཁང་རྩེག་སྐྲུན་འཛུགས་བྱས་ནས་ལོ་ངོ་ ༡༡༧ ཕྱིན་ཡོད་པ་དང་། དེའི་ཉེ་འཁོར་དུ་འཚོ་གནས་བྱེད་མཁན་དང་ཁང་རྙིང་དེར་གནས་སྡོད་མཁན་ཚོར་ལོ་གཅིག་གོང་ནས་ཁང་རྙིང་དེ་འགྱེལ་ཉེན་ཡོད་པའི་ཉེན་བརྡ་བཏང་ཟིན་ཡོད་སྐོར་བརྗོད་འདུག
ཁུལ་དེའི་ཉེན་རྟོག་པས། ཁང་རྩེག་དེའི་ནང་དུ་སྡོད་མཁན་ཁྱིམ་ཚང་ ༡༠ ལྷག་ཡོད་པ་དང་། ཁོང་ཚོར་ཁང་རྙིང་དེ་འགྱེལ་རྡིབ་ཀྱི་ཉེན་ཁ་ཡོད་ཚུལ་ཐོག་མར་ཕྱི་ལོ་ ༢༠༡༣ ལོར་གསལ་བསྒྲགས་བཏང་ཡོད་ཀྱང་། ཁྱིམ་ཚང་ཁ་ཤས་མ་གཏོགས་ཕལ་ཆེར་བ་མུ་མཐུད་དེར་གནས་སྡོད་བྱས་ཡོད་སྟབས། ད་ལྟ་ཉེན་རྟོག་པས་ཁང་རྩེག་བརྡིབས་པའི་འོག་ཏུ་ད་དུང་མི་གྲངས་ག་ཚོད་ལྷག་ཡོད་མེད་ཏག་ཏག་ཅིགབཤད་ཐུབ་ཀྱི་མི་འདུག ཅེས་བརྗོད་འདུག
ཉིན་ཤས་གོང་དུ་མོམ་བྷེ་གྲོང་ཁྱེར་ནང་ཆར་ཤུགས་ཆེན་པོ་བབས་ཏེ་གྲོང་ཁྱེར་གྱི་ཕྱོགས་གང་སར་ཆུས་ཁེངས་ནས་མི་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། ཁང་རྩེག་རྡིབ་སྐྱོན་དེ་ཆར་པ་ཤུགས་ཆེན་པོ་བབས་རྐྱེན་ཡིན་མིན་བཤད་ཚོད་ཐིག་ཁག་པོ་ཡིན་ཡང་། ད་ལོའི་དབྱར་ཟླ་ཁོ་ནར་མོམ་བྷེ་གྲོང་ཁྱེར་ནང་ཁང་རྩེག་རྡིབ་འགྱེལ་གྱི་དོན་རྐྱེན་ཐེངས་གཉིས་བྱུང་། ཐེངས་དང་པོ་དེ་ཕྱི་ཟླ་ ༧ པའི་ནང་མོམ་བྷེ་གྲོང་ཁྱེར་གྱི་ཤར་ཕྱོགས་གོཏ་ཀོ་པཱར་(Gothakopar)ཞེས་པའི་ས་གནས་ཀྱི་ཉེ་འགྲམ་གྱི་ཁང་རྩེག་ལྔ་ཅན་ཞིག་འགྱེལ་ཡོད་པ་དང་། སྐབས་དེར་ཁང་རྩེག་ཉེ་འཁོར་གྱི་ཁྱིམ་ཚང་ཞིག་ཏུ་གཉེན་སྟོན་བྱེད་བཞིན་ཡོད་སྟབས། མི་གྲངས་ ༡༢ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།
མོམ་བྷེ་གྲོང་ཁྱེར་ལྟ་སྐྱོང་ལྷན་ཁང་གིས་མོམ་བྷེ་གྲོང་ཁྱེར་ནང་ད་དུང་དེ་འདྲ་བའི་ཁང་རྩེག་རྙིང་པ་ཁ་ཤས་ཡོད་སྐོར་བརྗོད་འདུག་ལ། རྒྱ་གར་ནང་ཁང་རྩེག་འགྱེལ་རྡིབ་ཀྱི་དོན་རྐྱེན་ནི་རྒྱུན་ལྡན་གྱི་གནས་ཚུལ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དང་། ཞིབ་འཇུག་པ་ཚོས་རྒྱ་གར་གྱི་ཁང་རྩེག་རྒྱག་མཁན་ཚོས་ཕུགས་རྒྱང་རིང་པོར་བསམ་བློ་མ་བཏང་པ་དང་། ཁང་པ་གསར་རྒྱག་སྐབས་ཁང་པའི་བདེ་འཇགས་དང་ཉེན་སྲུང་ཇི་ལྟར་བྱེད་དགོས་མིན་ཐད་བསམ་བློ་གཏོང་གི་མེད་ཚུལ་བརྗོད་འདུག
གསར་འགོད་པ། ཉི་མ་ཚེ་རིང་།