ཨ་ཚོགས་བློ་བཟང་མཁས་བཙུན། རྗེ་སྐུ་འབུམ་དུ་བཞུགས་པའི་རྗེ་དགུང་ལོ་བདུན་པའི་འདྲ་སྐུ་ངོ་མཚར་ཅན།
དང་པོ།
ཡབ་གཞིས་ཀླུ་འབུམ།
རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ནི། བོད་ཤར་ཕྱོགས་ཀྱི་ཡུལ་མདོ་སྨད་ཙོང་ཁའི་བརྒྱུད། ཀླུ་འབུམ་ཞེས་པའི་ཚོ་བའམ་སྡེ་བར་ཕྱི་ལོ་(1357~~1419)སྐུ་འཁྲུངས། དེ་ཡང་རྗེ་མཁས་གྲུབ་པའི<<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>>ལས། འདིའི་ཡབ་ནི་དཔའ་ཞིང་དེས་པ། སྒྲིན་ཅིང་བརྟུལ་ཕོད་པ་དང་། འབྱོར་ཅིང་རང་བཞིན་དྲང་བ་ལ་སོགས་པས་སྐྱེ་བོ་གཞན་གྱི་ཡིད་དུ་འཐད་པའི་ཆོས་ཀྱིས་བརྒྱན་པ། ད་ར་ཁ་ཆེ་ཀླུ་འབུམ་དགེ་ཞེས་བྱ་བ་ཡིན་ལ། ཡུམ་ནི་བུད་མེད་ཀྱི་རྟེན་ལ་གཡོ་སྒྱུ་ཆུང་བ་དང་། སེམས་ཀྱི་ངང་རྒྱུད་མཆོག་ཏུ་བཟང་བ་ཉིད་དོ། ཞེས་ལྗོངས་དེའི་སྐྱེ་བོ་དག་མཐུན་པར་གླེང་བ་ཤིང་མོ་ཨ་ཆོས་ཞེས་བྱ་བ་སྟེ། ཞེས་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ལ་སྲས་མིང་སྲིང་དྲུག་ཡོད་པས་བཞི་བ་ནི་བདག་ཉིད་ཆེན་པོ་འདི་བ་ཡིན་ཞིང་། བཀའ་གདམས་ཆོས་འབྱུང་ལས་བུ་སྤུན་ལྔའི་མིང་ལས་མ་དྲངས་པ་ནི་སྲིང་མོ་གཅིག་ཡོད་པས་ཡིན། <<དད་པའི་འཇུག་ངོགས>>ལས། ཡབ་ཡུམ་དེ་གཉིས་ལ་སྲས་དྲུག་མངའ་བ་ལས། བདག་ཉིད་ཆེན་པོ་འདི་ནི་བཞི་བ་ཡིན་ཞིང་། ཞེས་པ་ནི་སྲས་སྲས་མོ་དྲུག་ཅེས་འགྲེལ་དགོས་རྒྱུ་ལ། ངག་རྒྱུན་དུ་རྗེ་ལ་ཨ་ཅེས་ཞིག་ཡོད་པ་ཡོངས་གྲགས་ཡིན།
ཡབ་ཀྱི་མིང་ད་ར་ཁ་ཆེ་ནི་རྒྱ་ཡིག་གིས་达鲁花赤དང་། སོག་སྐད་ཀྱི་ད་རོད་ཀྭ་ཚི། བོད་སྐད་དུ་བསྒྱུར་ན་ཐམ་ཀའི་བདག་པོ། ཧོར་རྒྱལ་མཐའ་མ་ཐོ་གན་ཐེ་མུར་(1333~~1368)སྐབས། ཡབ་ཀླུ་འབུམ་དགེ་ནི་ཙོང་ཁའི་དཱ་ར་ཁ་ཆེ་སྟེ། སྤྱི་ཁྱབ་དཔོན་གྱི་གོ་གནས་ཅན་ཞིག་ཡིན་པ་ཡོད་དེ། ཆུ་དཀར་རི་ཁྲོད་ཀྱི་ལུང་བ་དེའི་ལ་ཕར་ངོས་ཚུར་ངོས་གཉིས་ལ། ཁོང་གི་བློན་པོའི་ཡིན་ཟེར་བའི་རྟེན་མཁར་གཉིས་ཀྱང་འདུག ཀླུ་འབུམ་ནི་སྡེ་བའམ་ཚོ་བའི་མིང་དང་། མཚན་དངོས་དེ་དགེ་ཞེས་པ་ཡིན་པ་འདྲ། རང་རེའི་སྐད་ལ་གཅེས་མིང་ལ་དགེ་དགེ་ཞེས་པ་མང་། རྗེ་རྟོགས་ལྡན་འཇམ་དཔལ་བས། ཡབ་དེ་མཚན་བརྗོད་ཁོ་ན་ཞལ་འདོན་མཛད་ཅིང་ཡོད་པས། ཞེས་རྒྱུན་གྱི་ཞལ་འདོན་འཇམ་དཔལ་མཚན་བརྗོད་ཡིན་པར་ཡང་གསུངས་པ་དང་།
རྨི་ལམ་ལ་དཔྱད་པ་འཇུག་ཚུལ་གྱི་གོ་བར་བལྟས་ནའང་ཆོས་ཀྱི་གོ་རྟོགས་ཀྱང་མི་དམན་པ་མེད་དམ་སྙམ། དེ་ཡང་རྗེ་རྟོགས་ལྡན་པའི<<རྗེའི་རྣམ་ཐར་ཟུར་འདེབས་ལེགས་བཤད་ཀུན་འདུས>>ལས། སྤྲེའུ་ལོའི་ལོ་མཇུག་ཏུ་ཡབ་ཀྱི་མནལ་ལམ་དུ། རྒྱ་ནག་རི་བོ་རྩེ་ལྔ་ནས་འོངས་ཟེར་བའི་བཙུན་པ་མེ་ཏོག་གི་ཕྲེང་བ་དུ་མ་སྦྲེལ་བའི་ཆོས་གོས་དང་། སུམ་ཅུ་རྩ་གསུམ་གྱི་ཤིང་ལོ་ཡིན་ཟེར་བ་དར་སེར་པོ་འདྲ་བའི་ཤམ་ཐབས་ཅན། པོ་ཏི་ཁྱེར་བ་ཞིག་བྱུང་ནས། ང་ཁྱོད་ལ་གནས་ཤིག་གཡོར་བ་ཡིན་ཟེར་ནས་ཁང་ཐོག་ན་མཆོད་ཁང་ཞིག་ཡོད་པའི་ནང་དུ་སོང་བའི་སྣང་བ་བྱུང་བས། ཡབ་དེ་མཚན་བརྗོད་ཁོ་ན་ཞལ་འདོན་མཛད་ཅིང་ཡོད་པས། འཇམ་དབྱངས་ཀྱི་རྣམ་སྤྲུལ་ཡིན་སྙམ་པ་བྱུང་སྐད་ཅེས་དང་། ཡང་དེར། ཡབ་གྱི་མནལ་ལམ་དུ་ལྕང་ལོ་ཅན་ནས་ཕྱག་ན་རྡོ་རྗེས་འཕངས་སམ་སྙམ་པའི་གསེར་གྱི་རྡོ་རྗེ་འབར་བ་ཞིག་ཡུམ་ལ་ཐིམ་པ་རྨིས་པས། བུ་སྟོབས་ལྡན་ཞིག་སྐྱེ་བ་ཡིན་ནམ་ཞེས་གླེངས་སོ་ཞེས་བྱུང་བས། རྨི་ལམ་གྱི་ཞིབ་དང་དེར་འགྲེལ་གནང་བ་ཟབ་ཅིང་རྣོ་བས། གཅིག་བགྱིས་ན་གྲྭ་ཟུར་ཞིག་ཀྱང་མིན་འགྲོ། རྗེ་སྐུ་འབུམ་གྱི་ཡིག་ཚང་ཞིག་ཏུ། ཡབ་ཀླུ་འབུམ་དགེ་མཆོག་གི་མཚན་གྱི་རྣམ་གྲངས་གཞན་ཞིག་ལ་ལེགས་པ་དོན་གྲུབ་ཅེས་བྱུང་བ། ལོ་རྒྱུས་སྨྲ་བའི་དབང་པོ་གྲོགས་བྱ་མདོ་རབ་རྒྱས་ལགས་བརྒྱུད་དེ་ཐོས་པས་དཔྱད་གཞི་ཤིན་ཏུ་ཆེ།
གང་ལྟར་ད་ལྟ་སྔོན་གྱི་རྗེའི་ཡབ་གཞིས་ཀྱི་རུ་བ་དང་། གཞིས་ཀའི་གནས་ཡུལ་ཁོ་ནར་བལྟས་ཀྱང་ཁྱིམ་གཞི་ཆེན་པོ། མི་རྩ་རྒྱབ་རྫོང་ཆེན་པོ་ཅན། ཁ་རྒྱས་དབང་ཐང་ཅན་གྱི་མི་ཚང་དྲག་གྲས་ཤིག་ཡིན་པ་མངོན་ཡོང་། དེ་ཡང་རྗེ་མཁས་གྲུབ་པའི<<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>>ལས་ཀྱང་འདི་ལྟར་གསུངས་འདུག འདིའི་གདུང་རུས་ནི་མལ་ཡིན་ལ། རྗེ་ཉིད་དང་གདུང་ཆོས་གཅིག་པ་ཙམ་དུ་གཏོགས་པ་ལ་མི་ངོ་སྟོང་ཕྲག་ལོངས་པ་ཡོད་ཅིང་། བདུན་བརྒྱུད་མ་ཆད་པའི་གཉེན་དང་སྣག་གི་གཉེན་ཚན་ཡང་རྒྱས་པ་ཞིག་སྟེ། དེ་དག་ལས་སྔ་ཕྱིར་རབ་ཏུ་བྱུང་བ་ཡང་དག་པར་བླངས་པ་མང་པོ་ཞིག་བྱོན་པ་ཐམས་ཅད་ཀྱང་བརྟུལ་ཞུགས་མ་སྨད་ཅིང་། རྣམ་དཔྱོད་ཡངས་པའི་མིག་ཅན་ཤ་སྟག་གོ་ཞེས་གྲགས་སོ། དེ་བས་ན་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་དེ་ལྟ་བུའི་རིགས་དང་རུས་དང་ཆོ་འབྲང་ཕུན་སུམ་ཚོགས་པའོ་ཞེས་གསུངས་པ་དང་། ད་དུང་རྗེ་རྟོགས་ལྡན་འཇམ་དཔལ་བས། དེ་ནས་དབུས་སུ་མདོ་སྨད་པའི་འགྲུལ་བ་མང་པོ་དང་སྟབས་གཅིག་ཏུ་ཞང་པོ་གཉིས་དང་འགྲོགས་ནས་བྱོན་ཅེས་པ་དང་།
རྗེ་མཁས་གྲུབ་པས། དེ་ནས་འབྲི་གུང་ཐེལ་པའི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གདན་དྲངས་ནས་འཕྲིན་ལས་པ་དང་འགྲོགས་ཏེ་བྱོན། ཅེས་པའི་གསུང་གཉིས་ལ་དཔག་ནའང་། རྗེ་དབུས་ཕེབས་ལ་ཞང་པོ་གཉིས་ཀྱི་སྐྱེལ་མ་དང་། འཕྲིན་ལས་པ་ཞེས་ཞབས་ཞུ་བའི་རིགས་དང་བཅས། ཁྱིམ་ཆེན་གྱི་བུ་རྒྱུད་ཅིག་གི་ངོ་བོས་དབུས་ཕེབས་དེ་ནི་གཟབ་རྒྱས་ཤིག་བྱུང་ཡོད་པ་འདྲ་བ་དང་། ཡབ་གྱི་མནལ་ལམ་དུ་པོ་ཏི་ཁྱེར་བ་ཞིག་བྱུང་ནས། ང་ཁྱོད་ལ་གནས་ཤིག་གཡོར་བ་ཡིན་ཟེར་ནས་ཁང་ཐོག་ན་མཆོད་ཁང་ཞིག་ཡོད་པའི་ནང་དུ་སོང་བའི་སྣང་བ་བྱུང་བས། ཞེས་གཞིས་ཁང་ཐོག་ཅན་པ་དང་། ཡབ་ནི་འབྱོར་ཅིང་རང་བཞིན་དྲང་བ་ལ་སོགས་པའི་ཆོས་ཀྱིས་བརྒྱན་པ་བཅས་ཕྱོགས་མང་པོ་ནས། རྗེའི་ཡབ་གཞིས་ནི་མི་ཚང་དཀྱུས་མ་ཞིག་མིན་པ་གོ་ཡོང་།
ད་དུང་འཕྲིན་ལས་པའང་ཞབས་ཞུ་བའི་རིགས་དེ། སྐབས་དེར་དབུས་སུ་བཅའ་སྡོད་བྱས་ཡོད་པའང་མངོན་ཏེ། རྗེ་མཁས་གྲུབ་པའི<<དད་པའི་འཇུག་ངོགས>>ལས། དེའི་སྟོན་འཁྲུངས་ཡུལ་ནས་རྐྱེན་ཏུ་བབ་པའི་འཚོག་ཆས་ཅི་རིགས་པ། འཕྲིན་ལས་པའི་ནང་དུ་འབུལ་བ་བསྐུར་ཡོད་པ་འདྲ་ཟེར་ནས། དེ་བཞེས་པ་ལ་སོགས་པའི་སླད་དུ་ངམ་རིང་ནས་ས་སྐྱ་ལ་མཛད་དེ་དབུས་སུ་བྱོན་ཅེས་གསུངས་པ་དང་། ཡང་གཅིག་བགྱིས་ན་འཕྲིན་ལས་པ་ཞེས་པ་འདི་དེང་གི་སྦྲག་སྲིད་ཁང་ལྟ་བུ་དང་། བཅའ་དངོས་བསྐུར་སའི་ལས་ཁང་ཞིག་ཀྱང་མིན་འགྲོ། འབྲུག་རྒྱལ་དབང་པས་འདི་འགྲུལ་བ་ཙམ་ལ་གསུངས་འདུག་ཅིང་དེ་ཙམ་ནི་མ་རེད།
གཉིས་པ།
ཡིད་དུ་འོང་པའི་ཙོང་ཁ།
ཡང་དེ་ལྟ་བུའི་མི་ཚང་རྒྱབ་རྫོང་ཆེན་པོ་ཅན་དང་། འདི་འདྲའི་ས་གསུམ་ན་སྐད་གྲགས་ཆོད་པའི་རླབས་ཆེན་གྱི་མི་སྣ་དེའི་འཁྲུངས་ཡུལ་ཏེ། ཙོང་ཁའི་ཡུལ་གྱི་ཁྱད་ཆོས་དང་བཀོད་པ་ཡང་ཧ་ལས་པ་ཞིག་འདུག་པ་ནི། རྗེ་མཁས་གྲུབ་པའི་<<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>>ལས། དེ་ཡང་འདི་སྐད་ཅེས་རྗེས་སུ་ཐོས་ཏེ། བདག་ཉིད་ཆེན་པོ་འདི་ཐོག་མར་སྐུ་བལྟམས་པའི་མཛད་པ་གང་དུ་བསྟན་པའི་ཡུལ་ནི། མདོ་ཁམས་སྨད་ཀྱི་སའི་ཆ། ཤར་ཙོང་ཁ་ཞེས་གྲགས་པ། སྔོན་དུས་ཁ་བ་ཅན་པ་རྣམས་ཀྱི་རྗེ་བོ་ལྷ་བཙན་པོ་དག་གི་མངའ་རིས་ཀྱི་ཆབ་འོག་ཏུ་གཏོགས་པའི་ཡུལ་གྱི་ལྗོངས་ལ། འདི་ཉིད་སའི་ཡོན་ཏན་ཕུལ་དུ་བྱུང་བར་རྒན་པོ་དག་གི་བརྒྱུད་པའི་ཁ་ལས་སྒྲོག་པར་བྱེད་པ་དེ་ཉིད་དེ། ཞེས་གསུངས་པ་དེ་ནི་རང་བཞིན་བརྗོད་པ་ཁོ་ན་ཉིད་དེ། རྗེ་སྐུ་འབུམ་གྱི་དགོན་གནས་ཁོ་ན་མ་ཡིན་པར། ཆུ་དཀར་རི་ཁྲོད་སོགས་གཡས་གཡོན་ལྟག་རྒྱབ་ཀུན་ལ་རོབ་ཙམ་བསྐོར་བ་ཡིན་ན། དུས་ད་ལྟ་ལས་སྔ་ཙམ་ཞིག་ལ་གནས་འདི་དག་ཏུ་མ་སླེབས་པ་ཅི་ཡིན་ན་སེམས་པ། ཤིན་ཏུ་ཕངས་པ་ཞིག་འདུག་གོ
གསེར་ཏོག་ཚང་གིས་<<སྐུ་འབུམ་གདན་རབས>>སུ་གནམ་ལུགས་སྤོར་ཐང་གིས་དཔྱད་ངེས་ངེས་པ་མང་པོ་ཞིག་བགྲང་འདུག་ཀྱང་། གནས་འདི་འདྲ་ལ་ནི་དེ་ནི་འོ་བརྒྱལ་བ་ཙམ་དུ་ཟད། ཕྱོགས་ཁོར་མོ་ཡུག་དེར་ས་པད་མ་འདབ་བརྒྱད་པ་ལ། གནམ་འཁོར་ལོ་རྩུབས་བརྒྱད་པ་ལ་སོགས་པའི་བཀོད་པ་སྣ་ཚོགས་པ་དག་ནི། ས་པྲས་ཕར་དཔྱད་མེད་པར་ཡང་། ཚུར་ལྷང་ངེར་མངོན་ཞིང་། བཟོ་བས་ཆེད་དུ་བཟོས་པ་ལྟ་བུ་ཡ་མཚན་པ་ཁོ་ན་དང་། དུས་ངན་འདི་འདྲ་བར་ཡང་། ད་དུང་ཡང་ཕུན་སུམ་ཚོགས་པའི་རི་ཆུ་ནགས་གསུམ་གྱི་སའི་དགེ་བཅུའི་ཆ་རྐྱེན་འདི་འདྲ་བ་ཅི་ཡིན་ན་སྙམ་པ།
རི་ཞོལ་གཉིས་ལྡན་ལ། རོང་འབྲོག་གང་གི་ཡང་ས་བབ་མཐུན་རྐྱེན་འཛོམ་པོ་འདི་འདྲ་བ་ཤིན་ཏུ་དཀོན་པའི་ཚོད་དེ། དུས་རབས་སྔ་མའི་དུས་དཀྱིལ་ཡན་ལ། རང་རེའི་ཕུན་སུམ་ཚོགས་པའི་ཡུལ་ལུང་གི་བཀོད་པ་ཆ་རྐྱེན། རྒན་པོ་དག་གི་ངག་ལས་ཐོས་པ་རྣམས་ནི་འདི་འདྲའི་ཡུལ་ལ་ཟེར་རྒྱུ་རེད་སེམས་པ་འགོག་ཏུ་མེད་པ་དང་། རྩ་བའི་ཡུལ་མི་རྣམས་ཀྱང་ངང་རྒྱུད་བཟང་ལ་ཡ་རབས་བཟང་སྤྱོད་ཅན་དང་། ཞེན་ཁོག་ལ་རྒྱའི་རྩིས་ཟིན་པ་ཤ་སྟག་གོ།
ཡིད་ཕངས་པ་ཞིག་ལ་ཡུལ་མི་རྣམས་ནི་རང་མིང་ཙམ་མ་གཏོགས། མི་རིགས་གཞན་དུ་གྱུར་ཚར་འདུག འོན་ཀྱང་། རེ་བའི་ལྷག་མ་ཞིག་ཡོད་པ་ནི། ད་དུང་ཡང་། ང་བོད་པ་ཞིག་ཡིན་སྙམ་པའི་འདུ་ཤེས་མ་བརླགས་པར་དམ་པོར་བཅངས་ཏེ་ལྷག་བསྡད་ཡོད། དེས་ན་ཡུལ་འདི་ཁོ་ནའི་ངོ་བོ་མ་བརླགས་ཙམ་ཞིག་བྱུང་ན་ཡང་། བོད་ལ་རྟེན་འབྲེལ་གྱི་གནད་ཅིག་ཡོད་འགྲོར་བསམ་པའི་དུང་བ་བརྗོད་མི་ཤེས་པ་ཞིག་འདུག་པས། གྲོགས་ལྷག་བསམ་ཅན་རྣམས་ལ། ཡུལ་འདིའི་སྐད་ཡིག་སླར་གསོ་ལ་ཐུགས་འདུན་རེ་གནང་རོགས། ཞེས་འབོད་སྐུལ་སྙིང་ནས་ཞུ་བ་དང་སྦྲགས། རང་ཉིད་ཀྱང་གྲོགས་ལ་ཡོང་ཆོག་པའི་འདུན་པ་དང་བཅས་ཏེ་ཡོད།
སྐུ་འབུམ་ཚོ་བ་དྲུག་གིས་མཚོན་པའི་གནས་འདིའི་རྩ་བའི་ཡུལ་མི་རྣམས་ཀྱིས་ཀྱང་། ཡུལ་འདིའི་སྐྱེས་བུ་རླབས་ཆེས་ཞིང་ཆེ་བ། རྗེ་འདི་ཡབ་སྲས་གཉིས་ཀྱིས་མཚོན། ཟི་ན་བ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང་། ཀླུ་འབུམ་པ་རྗེ་དབོན་བློ་བཟང་ཉི་མ། མདོ་སྨད་དགེ་བཤེས་ཤེས་རབ་གྲགས། ད་ལྟའི་རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་དང་། ཚེ་དང་སྒྲུབ་པ་རི་ལ་སྙོམས་པའི་ཀླུ་འབུམ་པ། དགེ་ཀྱཱ་སྐུ་ཕྲེང་བརྒྱད་པ་རིན་པོ་ཆེ་བཅས་སྐྱེས་ཆེན་ཉི་ཟླ་ལྟ་བུ་དག་གི་སྐུ་རྒྱབ་གཡར་བའི་ཁྱད་དང་།
རྗེ་སྐུ་འབུམ་ཞེས་ས་གསུམ་ན་གྲགས་པ་འབར་བའི་དགོན་གནས་འདི་འདྲའི། རྩ་བའི་ལྷ་སྡེ་མི་སྡེའི་ཁྱད་བཅས་ཀྱིས་རང་ས་ནས་ཀྱང་ཅོག་ཅིག་བརྒྱག་དགོས་པ་མི་འགྲོ། དགའ་འོས་པ་ཞིག་ལ་རྗེ་སྐུ་འབུམ་གྱི་གྲྭ་ཚང་དག་རྒྱས་ཤིང་། འཛུགས་བསྐྲུན་བཟོ་བཀོད་མཛེས་པ་དང་། ད་ལྟ་འཆད་ཉན་ཀྱང་རབ་ཏུ་འཕེལ་བའི་ངོ་བོར་མུ་མཐུད་གནས་པ་བཅས། དེ་ལྟར་ཡར་མར་སྟོང་ཕེབས་པ་ལས་གནས་འདིར་ཐེངས་གཅིག་སླེབས་པ་བྱིན་རླབས་དེ་ག་ཆེ་སྙམ་པ་ཞིག་འདུག་གོ།། བླ་མ་བཀའ་དྲིན་ཅན་ཆོས་རྗེ་དོན་རིན་པ་ལ་ན་མོ།
དེ་འདྲའི་གནས་ཡུལ་ཕུན་སུམ་ཚོགས་ཤིང་བཀོད་པ་རྨད་དུ་བྱུང་པ་ཞིག་ཏུ། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་འདི་ཉིད་འཁྲུངས་སོ། དེའི་ཚུལ་ཡང་། རྗེ་རྟོགས་ལྡན་འཇམ་དཔལ་བས། གཉིད་སད་ནས་ཐོ་རངས་ཀྱི་ཆ་ལ་སྐར་ཆེན་ཤར་བ་དང་སྟབས་གཅིག་ཏུ་བདེ་བར་འཁྲུངས་པའི་ནངས་པར་ཡུལ་དེ་ན། བླ་མ་སྔགས་མཚན་ཉིད་ཀྱི་ཡོན་ཏན་རྒྱ་ཆེན་པོ་དང་ལྡན་ཞིང་། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ལ་གྲུབ་པ་བརྙེས་པ་དོན་གྲུབ་རིན་ཆེན་ཞེས་བྱ་བ་ཞིག་ཡོད་པ་དེས་གསོལ་རས་དང་། བདུད་རྩི་རིལ་བུ་བསྲེས་པའི་རིལ་བུ། སྲུང་མདུད། རྟེན་འབྲེལ་བསྒྲིག་པར་དགོངས་ཏེ་རྡོ་རྗེ་འཇིགས་བྱེད་ཀྱི་བྲིས་སྐུ་བྱིན་རླབས་ཅན་གཅིག་དང་། བུ་ཆུང་བསྐྱང་ལུགས་ཀྱི་ཡི་གེ་ལ་སོགས་པ་ཉེ་གནས་ཚུལ་ཁྲིམས་དང་ལྡན་པ་ཞིག་ལ་བསྐུར་ནས་བྱུང་སྟེ། བླ་མ་དེའི་ཐུགས་རྣམ་མཁྱེན་གྱིས་མཁྱེན་པར་འདུག་ཅེས་གསུངས་པ་དང་།
ཕྱིས་རྒྱུ་མཚན་ཞུས་པས། ངས་རྨི་ལམ་དུ་རྡོ་རྗེ་འཇིགས་བྱེད་དང་མཇལ་བའི་གསོལ་བ་བཏབ། ཁྱད་པར་དུ་ (ཕྱི་ལོ1356) ཞལ་ཡང་ཡང་བསྟན་དུ་གསོལ་ཞེས་ཞུས་པས། སང་ཕོད་ད་ཙམ་ལུང་པ་འདིའི་མདའ་རུ་ཡོང་། དེ་བར་དུ་བདེ་བར་གྱིས་གསུངས་པས། དེ་གང་ཡིན་དཔྱད་པའི་ཕྱིར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། ཁྱེད་ཀྱི་བུར་འདུག་པ་ཐིགས་པ་ཡིན་གསུང་བ་ལ་སོགས་པའི་གསང་པའི་གནས་དུ་མ་གསུངས་ནས། ཕྱིས་ཀྱང་བུ་ཆུང་བསྐྱེད་བསྲིང་པ་དང་། འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མའང་མཛད་ཅེས།
འདིའི་ལུང་བ་ནི་ཆུ་དཀར་རི་ཁྲོད་ཀྱི་གནས་འདི་ཡིན་ཞིང་། འདིའི་གཡས་གཡོན་གྱི་ལུང་བའི་མདའ་གཉིས་དེ། ཡབ་གཞིས་ཀླུ་འབུམ་ཚང་གི་སྔོན་གྱི་རུ་བ་དང་གཞིས་ཀ་ཏག་ཏག་ལ་ཁེལ་འདུག་ཅིང་། ཆུ་དཀར་རི་ཁྲོད་ནི་ད་ལྟའི་རྗེ་སྐུ་འབུམ་གྱི་ལྟག་རྒྱབ་ལྷོ་ནུབ་མཚམས། རྐང་ལམ་བརྒྱུད་དུས་ཚོད་གཉིས་ལྷག་གི་སྤྱི་ལེ་བདུན་ཙམ་གྱི་ས་དང་། རླངས་འཁོར་བསྐོར་བའི་ལམ་ཁ་སྤྱི་ལེ་ཉི་ཤུ་ཙམ་གྱི་གནས་ན་ཡོད།
འབྲུག་རྒྱལ་དབང་བའི་<<རྗེའི་རྣམ་ཐར>>ཏུ། ཙོང་ཁའི་ཕྱོགས་སུ་ཞལ་གཟིགས་ནས། སང་ཕོད་ད་ཙམ་ལུང་བ་འདིའི་མདའ་རུ་འོང་། ཞེས་ཡི་དམ་གྱིས་ལུང་སྟོན་གནས་བྱ་ཁྱུང་ཡིན་ཤག་གི་གསུང་ནི། ཡུལ་ལ་རྒྱུས་མེད་པས་ཡིན་ཏེ། འདི་སྒྲ་ཉེ་ཚིག་གིས་ཆུ་དཀར་རི་ཁྲོད་ཀྱི་ལུང་བ་ལ་ཤིན་ཏུ་འཐད། ཀུན་མཁྱེན་འཇིགས་མེད་དབང་པོས་ཀྱང་དེ་ག་རང་གསུངས་སོ།།གནས་མཆོག་ཆུ་དཀར་རི་ཁྲོད།