ཨེ་རག་གི་རྒྱལ་སར་རང་ཤི་འགད་རྫས་གཏོར་ཏེ་ཉུང་མཐར་མི་ ༣༥ རྐྱེན་འདས་དང་མི་ ༩༠ ཡས་མས་ལ་རྨས་སྐྱོན་བཟོས་ཡོད་འདུག
དེ་རིང་ཞོགས་པར་ཨེ་རག་གི་རྒྱལ་ས་བྷ་གྷི་ཌ་(Baghdad)ཡི་དཀྱིལ་དབུས་སྤྱི་གླིང་དུ། སྐྱེས་པ་གཉིས་ཀྱིས་རང་ཤི་འགད་རྫས་གཏོར་ཏེ་ཉུང་མཐར་མི་གྲངས་ ༣༥ རྐྱེན་འདས་དང་མི་ ༡༠༠ མ་ཟིན་ཙམ་ལ་རྨས་སྐྱོན་བཟོས་འདུག་ལ། དེ་རིང་གཏོར་རྒོལ་ནི་འདས་པའི་ཉིན་གྲངས་གསུམ་ནང་ཨེ་རག་གི་རྒྱལ་སར་བྱུང་བའི་གཏོར་རྒོལ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག
ཨེ་རག་གཞུང་གི་མགྲིན་ཚབ་པ་སཱ་ཌི་མན་(Saad Maan)གྱིས། ལག་དམར་བ་གཉིས་ཀྱིས་རང་ལུས་སུ་འགད་རྫས་བཏགས་ཏེ་གཏོར་རྒོལ་བཏང་ཡོད་པ་དང་། ད་ལྟའི་ཆར་མི་དེ་གཉིས་སུ་ཡིན་དང་གང་ནས་ཡིན་མིན་སོགས་ལ་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ལ། མི་འདས་གྲོངས་ཀྱི་གྲངས་འབོར་མུ་མཐུད་འཕར་གྱི་ཡོད་སྐོར་བརྗོད་འདུག
འདས་པའི་ཉིན་གཉིས་ཀྱི་སྔོན་དེ་ཕྱི་ཚེས་ ༡༣ ཉིན་རྒྱལ་སའི་ཞིབ་བཤེར་ས་ཚིགས་ཤིག་ཏུ་རང་ཤི་གཏོར་རྒོལ་བྱུང་སྟེ། འགྲུལ་བ་ ༥ རྐྱེན་འདས་དང་མི་ཁག་ཅིག་ལ་རྨས་སྐྱོན་བཟོས་ཡོད་པ་རེད།