གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ཉེ་འགྲམ་དུ་འགད་རྫས་བཞག་པའི་གནད་དོན་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་མི་གསུམ་འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱེད་བཞིན་ཡོད་འདུག
རྒྱ་གར་གྱི་ཨེ་ཤ་ཡ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ཉེ་འགྲམ་ནས་འགད་རྫས་ཆེན་པོ་གཉིས་ལག་སོན་བྱུང་བའི་གནད་དོན་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བྷི་ཧར་ཉེན་རྟོག་པས་མི་གསུམ་འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱེད་ཀྱི་ཡོད་པ་དང་། རྒྱ་གར་ཉེན་རྟོག་པས་ཐེངས་འདིའི་དོན་རྐྱེན་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དམིགས་པ་ཞིག་མིན་པར་སྤྱི་མང་ལ་དམིགས་ནས་བཞག་ཡོད་སྐོར་བསྒྲགས་འདུག
ཕྱི་ཚེས་ ༡༩ ཉིན་འགད་རྫས་ལག་སོན་བྱུང་མ་ཐག་རྒྱ་གར་དབུས་གཞུང་གིས་ཆེད་ལས་མཁས་པ་ཁག་ཅིག་མངགས་གཏོང་གིས་འགད་རྫས་དེ་དག་ལ་ཞིབ་འཇུག་བྱས་ཡོད་པ་དང་། ད་ལྟ་འགད་རྫས་རྣམས་ནུས་མེད་དུ་བཏང་ཡོད་འདུག
རྒྱ་གར་དབུས་གཞུང་གི་བཀའ་མངགས་ལྟར་ས་གནས་གཞུང་གིས་གནས་མཆོག་རྡོ་རྗེ་གདན་དུ་ཕྱོགས་ཡོངས་ནས་བདེ་འཇགས་སྲུང་སྐྱོབ་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་པ་དང་། ལྷག་པར་དུ་མཆོད་རྟེན་ཆེན་མོ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུགས་གནས་མཐའ་འཁོར་དུ་བདེ་སྲུང་མི་སྣ་ཇེ་མང་དུ་བཏང་ནས་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་འདུག
ནང་པའི་གནས་མཆོག་རྡོ་རྗེ་གདན་ནས་འགད་རྫས་ལག་སོན་བྱུང་རྗེས། རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་ཐེངས་འདིའི་གནད་དོན་དེ་རྒྱ་ནག་དང་འབྲེལ་བ་སྲིད་སྐོར་དང་། ཡང་འབར་མའི་ནང་དུ་ཁ་ཆེ་བ་ཚོར་དྲག་གནོན་བྱས་པར་བརྟེན་རྒོལ་ལན་སློག་པའི་ཐབས་ཇུས་ཤིག་ཡིན་སྲིད་སྐོར་སོགས་བརྗོད་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།