སྒྲོལ་མ་དབྱངས་ཅན་ལགས་དང་ཚེ་རིང་ཆོས་འཛོམས་ལགས་གཉིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐབས་ ༡༢ པའི་དབུས་རྒྱུན་ཚོགས་གཙོ་དང་དྲུང་ཆེར་བསྐྱར་དུ་བདམས་ཡོད་འདུག
ཁ་སང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐབས་༡༢ པའི་ཚོགས་ཆེན་གྱི་ཉིན་མཐའ་མའི་ཐོག དབུས་རྒྱུན་ལས་གསར་པ་འོས་འདེམས་བྱས་ཏེ་ས་གནས་སོ་སོ་ནས་འོས་མི་༥༧ ཡོད་པའི་ཁྲོད་ནས་སྔོན་འགྲོའི་ནང་མི་༢༠ འདེམས་ཐོན་བྱུང་ཡོད་པ་དང་། དེ་ནས་དངོས་གཞིའི་སྐབས་མི་ ༡༡ བདམས་ཏེ་སྒྲོལ་མ་དབྱངས་ཅན་ལགས་ཚོགས་གཙོར་བསྐྱར་དུ་བདམས་ཡོད་འདུག
འདི་གའི་གསར་འགོད་པར་ཚོགས་གཞོན་གསར་པ་སྐལ་བཟང་གཡུ་སྒྲོན་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐབས་ ༡༢ པའི་དབུས་རྒྱུན་རྣམས་ནི། སྒྲོལ་མ་དབྱངས་ཅན་ལགས་དང་ཚེ་རིང་ཆོས་འཛོམས། སྐལ་བཟང་གཡུ་སྒྲོན། སྒྲོལ་མ་ཚེ་རིང་། བཀྲ་ཤིས་ལྷ་མོ་སོགས་ཡིན་པ་དང་། སྐབས་སྔོན་མའི་ཚོགས་གཙོ་དང་དྲུང་ཆེ་བསྐྱར་འདེམས་བྱུང་ཡོད་པ་དང་། དེ་བཞིན་འབྲེལ་མཐུད་པ་སྐལ་བཟང་གཡུ་སྒྲོན་ལགས་ཚོགས་གཞོན་དུ་བདམས་ཡོད་འདུག
བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་ཕྱི་ཚེས་༡༡ ནས་ཉིན་གྲངས་ལྔ་རིང་ཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ཁྱོན་ཡོངས་ནས་བུད་མེད་ལྷན་ཚོགས་ཀྱི་ལས་གཞི་ཁག་ལ་གྲོས་བསྡུར་དང་གྲོས་ཆོད་དོན་ཚན་བཅུ་བཞག་ཡོད་པ་ལས། ཕྱི་ཟླ་༣ ཚེས་༡༢ ཉིན་འགྱུར་བ་མེད་པའི་ཐོག་ནས་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོར་སྲུང་གཙི་ཞུ་རྒྱུ་དང་། བུད་མེད་ལྷན་ཚོགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱཱའི་ཐད་ལས་དོན་སྒྲུབ་རྒྱུ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལས་འགུལ་དང་། བོད་མིའི་མི་འབོར་འཕེལ་རྒྱས་དང་འབྲེལ་བའི་ལས་གཞི་སྤེལ་བ། དབུ་མའི་ལམ་གྱི་སྲིད་ཇུས་གོ་རྟོགས་སྤེལ་ཕྱོགས་དང་། དབུས་ས་གཉིས་བར་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་ཐབས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཐད་ལ་འབད་བརྩོན་བྱེད་པའི་གྲོས་ཆོད་བཞག་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
བཀྲིན་ཆེ་ཐུགས་རྗེ་ཆེ་བཙན་བྱོལ་སྤྱི་ཚོགས་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ནས་རྫོགས་རྒྱུ་མེད་པའི་གྲོསཆོད་དང་རྫོགས་རྒྱུ་མེད་པའི་ལས་འགུལ་ལ་རྗེས་སུ་ཡིད་རངས་དང་བསྔགས་རྗོད་ཡོད་ཐུགས་རྗེ་ཆེ་།