རྒྱ་གར་ལྷོ་ཕྱོགས་སུ་ཆར་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས་ཀེ་རི་ལ་མངའ་སྡེའི་ནང་ཆུ་ལོག་རྒྱུགས་ཏེ་ཡུལ་མི་ ༣༣༤ ལྷག་རྐྱེན་འདས་དང་མི་འབུམ་ ༢ ལྷག་གནས་སྤོ་དགོས་བྱུང་ཡོད་འདུགབདུན་ཕྲག་འདིའི་ནང་རྒྱ་གར་གྱི་ལྷོ་ཕྱོགས་སུ་ཆར་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས། ཀེ་རི་ལ་མངའ་སྡེ་ (KERALA) ནང་ཆུ་ལོག་རྒྱུགས་ཏེ་ཡུལ་མི་ ༣༢༤ ལྷག་རྐྱེན་འདས་སུ་ཕྱིན་པ་དང་། ཡུལ་མི་འབུམ་ ༢ ལྷག་མྱུར་སྐྱོབ་བྱས་ཏེ་སྡོད་གུར་ནང་གནས་སྤོ་བྱས་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། རྒྱ་གར་ལྷོ་ཕྱོགས་གདན་ས་གྲྭ་ཚང་ཁག་དང་ལུགས་བདེ་གཞིས་གྲོང་གཉིས་ནས་དཀའ་ངལ་འོག་ཡོད་པའི་རྒྱ་གར་ཡུལ་མི་ཚོར་ཟས་གོས་སོགས་ཀྱིས་རོགས་རམ་གནང་བཞིན་འདུག་ལ། རྒྱ་གར་གྱི་གནམ་གཤིས་སྔོན་བརྡ་ནང་སང་ཉིན་ནས་བདུན་ཕྲག་གཅིག་རིང་ཆར་བ་ཤུགས་ཆེན་འབབ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག
འདི་གའི་གསར་འགོད་པས་ཁ་པར་བརྒྱུད་རྒྱ་གར་ལྷོ་ཕྱོགས་ལུགས་བསམ་གཞིས་མགོ་དགེ་ལེགས་འབྱུང་གནས་ལགས་སུ་ཆུ་ལོག་གནོད་སྐྱོན་སྐོར་དྲིས་པར་ཁོང་གིས། ཀོ་ཌཱ་གྷུ་རྫོང་ (Kodagu) ནང་གི་སན་ཊི་ཀོབ་པཱ་ (Suntikoppa) དང་ཀོབ་པཱ་ (Koppa) ནང་ཆར་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས། ཀ་བེ་རེ་གཙང་པོའི་ (Kaveri river) རྒྱུད་ན་ཡོད་པའི་ཧ་རན་གྷེ་ཆུ་མཛོད་ (Harangi Dam) ནས་ཆུ་འཕོན་ཆེན་བཏང་བར་བརྟེན། གཙང་བོ་དེའི་རྒྱུད་དུ་ཡོད་པའི་ཁྱིམ་ཚང་མང་པོ་ཆུས་བསྣུབས་ཏེ། ཁྱོན་མི་གྲངས་ ༡༣༠༠ ལྷག་ལ་སྡོད་གནས་སོགས་ཀྱིས་དཀའ་ངལ་འཕྲད་ཀྱིན་འདུག་སྟབས། ས་གནས་ཀྱི་དམིགས་བསལ་སྐུ་ཚབ་ (K. Nitish) ལགས་ཀྱི་ཞལ་པར་འབྱོར་ཏེ་ཁོང་ཚོར་ཟ་མ་དང་གྱོན་ཆས་སོགས་ཀྱིས་རོགས་པ་བྱེད་ཐུབ་ཚེ་ཕན་རླབས་ཆེན་པོ་ཡོང་ས་རེད་ཅེས་གསུངས་པར་བརྟེན། བདེ་སྐྱིད་སླར་གསོའི་ས་གནས་མགོ་འཛིན་དང་ལྷན་བཀའ་མོལ་ཞུས་ཏེ་དགོན་སྡེ་ཁག་དང་གྲོང་སྡེ་ཁག་ལ་ཞལ་འདེབས་བསྡུ་རུབ་ཀྱི་གསལ་བསྒྲགས་ཞུས་ཡིན། ཞེས་དང་། ཁ་སང་དགོང་དྲོར་སེ་ར་བྱེས་ནས་ཉལ་ཆས་ ༣༠༠ ཙམ་སྦྱིན་གནང་ཚར་ཡོད་པ་དང་། སེ་ར་བྱེས་སྨད་དང་བླ་སྤྱི་གསུམ་ནས་མཉམ་རུབ་ཀྱིས་ཡུལ་དངོས་སུ་ཕེབས་ཏེ་ཉལ་ཆས་ ༩༠༠ ཙམ་སྦྱིན་པ་གཏོང་རྒྱུ་དང་། དེ་རིང་ཞོགས་པར་གྲྭ་ཚང་ནས་སན་ཊི་ཀོབ་པཱ་ཡུལ་མི་ཉེན་གཡོལ་བ་ཚོར་ཞལ་ལག་གནང་རྒྱུ་ཡིན་སྐོར་གསུངས་ཡོད་སྐོར་བརྗོད་བྱུང་།
ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ལ་ཆར་ཆུས་དཀའ་ངལ་འཕྲད་བཞིན་ཡོད་མེད་དྲིས་བར་ཁོང་གིས། བོད་མིའི་གཞིས་ཆགས་ཁག་ལ་དམིགས་བསལ་དཀའ་ངལ་འཕྲད་པ་དེ་འདྲ་ཡོད་པ་མ་རེད། གང་ཡིན་ཟེར་ན། སྦེལ་ཀོབ་ཀྱི་ས་ཆ་དེ་ས་གནས་གཞན་ལས་ཏོག་ཙམ་མཐོ་བ་ཡོད་པ་རེད། ཀུ་ཤལ་ནཱ་གྷར་ (Kushalnagar) དང་ཀོབ་པཱ་ (Koppa) ནི་ས་བབ་ཀྱི་ཆ་ནས་ཏོག་ཙམ་དམའ་བོ་རེད། དེ་བས་བོད་པའི་གཞི་ཆགས་ཁག་ལ་གནོད་འཚེ་ཕོག་པའི་དམིགས་བསལ་ཉེན་ཁ་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
སེ་ར་བྱེས་ཕྱག་མཛོད་དགེ་བཤེས་བློ་བཟང་བསྟན་པ་ལགས་སུ་སེ་ར་བྱེས་ཀྱི་མྱུར་སྐྱོབ་ལས་གཞི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། རྩ་བའི་༧གོང་ས་རྒྱལ་བ་རིན་ཆེ་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ལས་གཞི་སོགས་ཡོད་ཐོག ང་ཚོའི་གྲྭ་ཚང་གི་སྔོན་རྩིས་ལྟར་ཉམ་ཐག་ལ་རོགས་པ་བྱེད་པའི་ལས་གཞི་ཞིག་ཡོད་པ་རེད། དེའི་ནང་ས་གནས་བོད་མིའི་སློབ་ཕྲུག་ཚོར་སློབ་ཡོན་རོགས་སྐྱོར་བྱེད་པ་དང་། ཉེ་འཁོར་གྱི་ཡུལ་མིའི་སློབ་གྲྭ་ཁག་ལ་སྨྱུ་གུ་དང་གདན་སོགས་སྤྲོད་པ། རླངས་འཁོར་ཉམས་གསོ་བྱེད་པ་སོགས་ལོ་གཅིག་རེའི་ནང་ལས་གཞི་ཞིག་ཡོད་པ་རེད། ད་ཐེངས་རྒྱ་གར་ཡུལ་མིར་ཆར་བའི་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། ཁོང་ཚོ་ཉེན་གཡོལ་ཆེད་སློབ་གྲྭ་ཞིག་གི་ཚོགས་ཁང་དང་འཛིན་ཁང་ནང་སོགས་སུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ད་ལྟ་གནམ་གཤིས་ཅུང་གྲང་མོ་ཆགས་ཡོད་སྟབས་ཁོང་ཚོར་གྱོན་ཆས་མེད་པ་དེ་དཀའ་ངལ་ཆེ་ཤོས་རེད་འདུག དེར་བརྟེན་ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥ ནས་མཚན་གུང་ཆུ་ཚོད་ ༡༢ བར་སྐོར་བ་བྱས་ཏེ་ཉལ་ཆས་ ༣༠༠ ཙམ་སྤྲད་པ་ཡིན། དེ་རིང་ད་དུང་ང་ཚོ་ས་གནས་རང་ལ་ཡོད། ཁོང་ཚོར་ཟ་མ་དང་ཆུ་ཡི་དཀའ་ངལ་ཡང་འདུག་སྟབས། ང་ཚོས་ཐབ་ཚང་སོགས་བཟོ་འཆར་ཡོད་ལ། དེ་རིང་སེ་ར་བྱེས་སྨད་དང་བླ་སྤྱི་མཉམ་འབྲེལ་གྱིས་ཆུ་སོགས་ཀྱི་སྦྱིན་པ་གཏོང་རྒྱུ་ཡིན། ཞེས་གསུངས་བྱུང་།
ཀེ་རི་ལ་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆག་ཆེན་པོ་བྱུང་བར་བརྟེན། ཁ་སང་ཕྱི་དྲོར་སྲིད་བློན་མུ་དྷི་མཆོག་མངའ་སྡེ་དེའི་ནང་སྐུ་དངོས་སུ་ཕེབས་ཏེ་གཟིགས་ཞིབ་དང་མྱུར་སྐྱོར་གྱི་ལས་གཞིའི་ནང་མཉམ་ཞུགས་གནང་ཡོད་འདུག་ལ། སྲིད་བློན་མཆོག་གི་བཀའ་བཀོད་དམག་མིའི་ཐད་འཕུར་གནམ་གྲུ་ཧ་ཅང་མང་པོས་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། དེ་བཞིན། ཀེ་རི་ལ་མངའ་སྡེའི་གོད་ཆག་གོ་སྒྲིག་ཚན་པའི་སྤྱི་ཁྱབ་དྲུང་འཕར་སྐུ་ཞབས་ཀུ་རན་ (P H Kurian) ལགས་ཀྱིས་གསར་འགོད་པར། ང་ཚོས་གྲུ་ཆུང་ ༣༠༠ ལྷག་དང་དམག་མི་མང་པོ་མྱུར་སྐྱོབ་ཆེད་བཀོལ་བཞིན་ཡོད་ལ། ཐད་འཕུར་གནམ་གྲུས་ཡུལ་མི་མྱུར་སྐྱོར་དང་མཁོ་ཆས་དབོར་འདྲེན་བྱེད་རྒྱུར་ས་ཆ་མང་པོར་བགོ་འགྲེམས་བྱས་ཡོད། དེ་བཞིན་ཡུལ་མིའི་འགྲུལ་བཞུད་སྟབས་བདེ་ཡོང་ཆེད་དམིགས་བསལ་གྱི་མེ་འཁོར་གྲ་སྒྲིག་བྱས་ཡོད། ཡིད་སྐྱོ་བ་ཞིག་ལ་རྐྱེན་འདས་སུ་ཕྱིན་པ་མང་ཆེ་བ་ས་ཉིལ་དང་ཆུ་ལོག་འདམ་རྙོག་འོག་མནན་འདུག ཅེས་བརྗོད་འདུག
རང་བྱུང་གོད་ཆག་གིས་ཡུལ་དེའི་གནམ་ཐང་ཆེ་ཤོས་དེ་ཟླ་འདིའི་ཚེས་ ༢༨ བར་སྒོ་བརྒྱབས་ཡོད་པ་དང་སློབ་གྲྭ་ཁག་ཀྱང་སྒོ་བརྒྱབས་ཡོད་འདུག མངའ་སྡེ་དེའི་བཟོ་གྲྭ་ཆེ་ཤོས་ཁག་སྟེ་ཇ་དང་འགྱིག ཁོ་ཧྥེ་དང་བྲོ་རྫས་ཀྱི་བཟོ་གྲྭ་ཁག་མང་པོ་ཆུའི་ནང་ནུབ་སྟེ་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་འདུག་ལ། རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་འགར་བདེ་འཇགས་ཀྱི་ཆེད་དུ་ཕྱི་མི་ཡོང་མི་ཆོག་པ་བཟོས་ཡོད་པ་དང་། དེ་བཞིན་མངའ་སྡེ་དེར་ཆུ་མཛོད་ ༨༠ ཙམ་ཡོད་པ་རྣམས་ཀྱི་ཆུ་སྒོ་ཡོངས་སུ་ཕྱེས་ཡོད་འདུག
རྒྱ་གར་རྒྱལ་ཡོངས་སུ་ད་ལོར་ཆར་དུས་ཀྱི་རྐྱེན་པས་ཁྱོན་མི་གྲངས་ ༡༠༠༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། གནམ་གཤིས་བརྟག་དཔྱད་ཁང་གིས་བརྗོད་པ་ལྟར་ན། ད་ལོའི་རྒྱ་གར་ལྷོ་ཕྱོགས་ཀྱི་ཆར་བའི་འབབ་ཚད་ནི་ལོ་ ༡༠༠ ནང་ཤུགས་ཆེ་ཤོས་ཤིག་ཡིན་པ་མ་ཟད། ཡུལ་མི་ཚོས་ད་ལོའི་ཆར་དུས་ནི་ད་སྔ་བྱུང་མ་མྱོང་བ་ཞིག་ཡིན་ཚུལ་བརྗོད་ཀྱི་ཡོད་འདུག
གསར་འགོད་པ། ཀླུ་མགོན་ཐར།
ཚན་རིགས་ཚོའི་འཁོར་ཡུག་ལ་གནོད་སྐྱོན་དང་སྦག་རྩོག་
བཟོས་ནས་ཆར་ཆུ་མེད་རབས་ཀྱི་སྒྲུང་བཤད་ནས་ཞི་བའི་
མི་མང་རྨོངས་དུབཅུག་པ་དེ་དག་རྫུན་རྐུབ་དོལ་ནས་ད་བལྟོས་
དང་ས་ཆ་མང་པོ་དང་ལུང་པ་མང་པོར་ཆུ་ལོག་རྒྱུགས་ནས་
མི་རྒྱུ་གཉིས་ལ་དཀའ་ངལ་བཟོས་པ་ནས་ཚན་རིག་མི་སྣའི་རྔོན་ལོ་
ཁྲོམས་ལ་བསྟན་པ་མ་རེད་དམ་།