རྨ་ལྷོ་རྩེ་ཁོག་རྫོང་གི་གྲོང་སྡེ་གསུམ་གྱིས་གོང་རིམ་ལ་སྙན་ཞུ་ཕུལ་ཏེ་ལམ་ཁ་བསྐྱར་བཟོ་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་སྲིད་གཞུང་ནས་ངོས་ལེན་མེད་པར་སྡིགས་ར་སྐུལ་བཞིན་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༥ ཉིན། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་བརྡལ་གྱི་ཀ་རོང་དང་རྡོ་ལུང་། གོང་ཆེན་སྡེ་བ་བཅས་ནས་ས་གནས་སྲིད་གཞུང་གིས་གཞུང་ལམ་བསྐྱར་བཟོ་དགོས་པའི་འབོད་སྐུལ་སྙན་ཞུ་ཕུལ་ཡོད་པ་དང་། ལམ་ཁའི་དཀའ་ངལ་དེ་སྔོན་ཆད་ནས་འཕྲད་བཞིན་ཡོད་ཀྱང་ས་གནས་སྲིད་གཞུང་གིས་ཡ་མེད་བཏང་ནས་ལོ་ཤས་འགོར་ཡོད་པ་མ་ཟད། ད་ལན་ཕུལ་བའི་སྙན་ཞུའི་ཡི་གེ་དེ་ཡར་མར་སུས་བཀྲམ་པ་ཡིན་ནའང་དཀའ་ངལ་འཕྲད་རྒྱུ་ཡིན་པས་མཇུག་འབྲས་ལ་སོ་སོས་འགན་འཁུར་དགོས་པའི་སྡིགས་ར་སྐུལ་བཞིན་ཡོད་འདུག
སྙན་ཞུའི་ནང་སྡེ་བ་གསུམ་ནས་ས་གནས་སྲིད་བར་སྤྱི་ལེ་ ༣༥ ཡས་མས་ཡོད་པ་དང་། སྡེ་བ་གསུམ་གྱི་དོ་དམ་ལྷན་ཁང་ཟེར་བའི་འོག་དུད་ཁྱིམ་ ༩༠༠ དང་མི་གྲངས་༢༧༠༥ ཡོད་པ་དང་། དེའི་ཁྲོད་དུ་དུད་ཁྱིམ་༢༦༦ དབུལ་ཁྱིམ་ཡིན་པས་ཆུ་དང་གློག་སོགས་ཀྱི་མཐུན་རྐྱེན་སྐྲུན་པར་དཀའ་ངལ་ཡོད་པ་དང་། ནགས་ཚལ་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་ལའང་དཀའ་འདུག ཅེས་བྲིས་འདུག
ཡང་སྙན་ཞུའི་ཡི་གེའི་ནང་ས་གནས་སྲིད་གཞུང་དང་སྡེ་བ་གསུམ་བར་གྱི་གཞུང་ལམ་སྤྱི་ལེ་ ༣༥ ནས་སྤྱི་ལེ་ ༡༠ ཙམ་གྱི་ལམ་ཁ་ཧ་ཅང་སྐྱོ་བོ་ཡིན་ན་ཡང་བསྐྱར་བཟོ་བྱེད་འཇུག་གི་མེད་སྟབས། ས་གནས་མི་མང་གི་འགྲོ་སྐྱོད་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་དང་། མི་མང་ཁྲོད་གནས་སྟངས་དེའི་ཐད་བསམ་ཚུལ་དང་གླེང་སློང་མང་པོ་ཡོང་གི་ཡོད་འདུག དེ་བཞིན་དམེ་ཤུལ་གྲོང་བརྡལ་ནས་ཁྲི་ཀ་རྫོང་བར་གྱི་སྤྱི་ལེ་ ༥༩ ཡོད་པའི་གཞུང་ལམ་དེར། ད་ལོའི་དབྱར་དུས་ཀྱི་ཆར་ཆུ་ཡིས་འདམ་འབག་འཁོར་བ་དང་འཐོར་ཞིག་ཏུ་སོང་བ་སོགས་ཀྱིས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་སོགས་དཀའ་མང་པོ་འཕྲད་པའི་རྐྱེན་གྱིས། སྡེ་བ་གསུམ་གྱིས་གོང་རིམ་ལ་གཞུང་ལམ་གྱི་གནས་སྟངས་ཡར་ཞུ་བྱས་ཏེ། དུས་ཐོག་ཏུ་དཀའ་ངལ་སེལ་ཐབས་ཡོང་བའི་རེ་བ་ཞུ། ཞེས་འཁོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། སྙན་ཞུའི་ཡི་གེ་དེ་ཡར་མར་སུས་བཀྲམ་པ་ཡིན་ནའང་དཀའ་ངལ་འཕྲད་རྒྱུ་ཡིན་པས་མཇུག་འབྲས་ལ་སོ་སོས་འགན་འཁུར་དགོས་པའི་སྡིགས་ར་སྐུལ་བཞིན་ཡོད་སྟབས། མི་མང་གིས་གོང་རིམ་ནས་ལམ་ཁ་བཟོ་བར་བཀག་འགོག་བྱེད་དགོས་དོན་གང་ཡིན་པ་དང་། ཁོ་ཚོས་ད་བར་མིག་ཞར་ནས་ལམ་ཁ་མ་བཟོས་ན་ཡང་མི་མང་གིས་དྭངས་བླངས་ཐོག་ལམ་ཁ་བཟོ་དགོས་ཞུས་པར་མི་ཆོག་ལབ་ན་ག་རེ་བཤད་བཞིན་ཡོད་པ་རེད་ཅེས་མི་འཐད་པའི་རྣམ་འགྱུར་སྟོན་གྱི་ཡོད་སྐོར་བརྗོད་བྱུང་།
གསར་འགོད་པ། སངས་རྒྱས་དཀོན་མཆོག