ཁ་སང་སླར་ཡང་བོད་རིགས་བུ་མོ་འདུར་རྒྱུག་པ་ཤེས་རབ་མཚོ་ལགས་ཀྱིས་རྒྱལ་སྤྱིའི་ན་གཞོན་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེད་མའི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་ཡོད་འདུག
ཨར་ཇིན་ཊི་ནཱ་ (Argentina) ནང་ཚོགས་བཞིན་པའི་ན་གཞོན་ཨོ་རྩལ་འགྲན་ཚོགས་སང་ཉིན་ནས་མཇུག་བསྡུ་ཡི་ཡོད་པ་དང་། ཁ་སང་བུད་མེད་ཀྱི་འདུར་རྒྱུག་འགྲན་སྡུར་རྨིད་ ༥༠༠༠ ནང་བོད་རིགས་བུ་མོ་འདུར་རྒྱུག་པ་ཤེས་རབ་མཚོ་ལགས་ཀྱིས་སླར་ཡང་ཨང་དང་པོ་བླངས་ཏེ། འདི་ལོའི་དབྱར་ཁའི་ན་གཞོན་ཨོ་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུག་པ་ཡག་ཤོས་ཀྱི་མཚན་སྙན་ཐོབ་ཡོད་འདུག་ལ། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་བསྒྲགས་པ་ལྟར་ན། བུ་མོ་ཤེས་རབ་མཚོ་ལགས་ནི་ན་གཞོན་ཨོ་རྩལ་འགྲན་ཚོགས་ནང་གསེར་གྱི་རྟགས་མ་ཐོབ་མཁན་བོད་རིགས་ཐོག་མ་དེ་ཡིན་འདུག
ཐེངས་འདིའི་བུད་མེད་ཀྱི་རྒྱང་ཐག་རྨིད་ ༥༠༠༠ ཅན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་ནས་ཁྱོན་འདུར་རྒྱུག་པ་ ༢༦ མཉམ་ཞུགས་བྱས་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་གྱི་གྲུབ་འབྲས་དང་ཁ་སང་གི་གྲུབ་འབྲས་གཉིས་བསྡོམས་པ་ཡིན་ན། བོད་རིགས་བུ་མོ་ཤེས་རབ་མཚོ་ལགས་ཀྱིས་ཨང་དང་པོ་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། མེག་སི་ཁོ་ཡི་བུ་མོ་སོ་ཧྥི་ཡ་ཨེ་ལི་ཟཱ་བྷེ་ཊི་ (Sofia Elizabeth) ལགས་ཀྱིས་ཨང་གཉིས་པ་བླངས་ཏེ་དངུལ་གྱི་རྟགས་མ་དང་། གྷི་རི་སིའི་འདུར་རྒྱུག་པ་ཧྥི་སི་ཁཱ་ཨོར་ཇཱ་ལགས་ཀྱིས་ཨང་གསུམ་པ་བླངས་ཏེ་ཟངས་ཀྱི་རྟགས་མ་ཐོབ་ཡོད་འདུག
བོད་རིགས་བུ་མོ་ཤེས་རབ་མཚོ་མཚོ་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༧ ནང་ཐེ་ལན་ཌིའི་རྒྱལ་ས་ནང་ཚོགས་པའི་ཨེ་ཤེ་ཡའི་ན་གཞོན་ལུས་རྩལ་འགྲན་ཚོགས་སྟེང་རྨིད་ ༥༠༠༠ ཅན་གྱི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨང་དང་པོ་བླངས་རྗེས་ཁོང་མོས། ངའི་རེ་བ་ནི་ཕྱི་ལོ་ ༢༠༢༠ ལོའི་ཉི་ཧོང་ཨོ་རྩལ་འགྲན་ཚོགས་ཆེན་མོའི་ནང་ཞུགས་ཐུབ་རྒྱུ་དེ་ཡིན། ཅེས་བརྗོད་ཡོད་པ་རེད།
གསར་འགོད་པ། ཀླུ་མགོན་ཐར།