གྲགས་ན་མི་ཉན་ས་སྟེང་ན་མུན་པ་ཡི་རང་བཞིན།།
བསྡད་ན་མི་བདེ་སེམས་འདི་ཉོན་རྨོངས་ཀྱི་གྲོགས་པོ།།
བཤད་ན་མི་རུང་ཁ་འདི་ཚེར་མ་ཡི་དུག་ནག།
བགད་ན་མི་མཛེས་མི་སེམས་གཏུབ་བྱེད་ཀྱི་སྤུ་གྲི།
ཤི་ན་མི་ཡོང་ཚེ་འདི་ཡུན་ཐུང་གི་འགྲུལ་བ།།
གསོན་ན་དཀའ་བ་འཚོ་བའི་མངར་སྐྱུར་ནི་མོད་པ།།
རྒས་ན་མི་གཟོད་ལུས་འདི་ལན་ཆགས་ཀྱི་འཁུར་རོ།།
གཞོན་ན་མི་བྲིན་ང་རྒྱལ་འཁང་སེམས་ཀྱི་ཚོར་འདུ།།
ཡག་ན་མི་འགྲིག་ཚང་མའི་སེམས་ཁོང་དེ་དཀྲུགས་བྱེད།།
བཙོག་ན་མི་བཟང་མི་ཀུན་འཕྱ་དམོད་ཀྱི་གཞི་མ།།
དུངས་ན་མ་རེད་མི་ཚོས་ཁྲེལ་དགོད་ཀྱི་དཀའ་ཚེགས།།
རྒུད་ན་མི་འགྲོ་ཀུན་གྱིས་རྗེས་ལུས་སུ་ལྟ་ངེས།།
དར་ན་མི་རྣམས་ཕྲག་དོག་གི་འཚེ་ཡོང་།།
མཁས་ན་མི་རྣམས་ཕྱོགས་ཞེན་གྱི་བསླུས་འགྲོ།
བླུན་ན་མི་རྣམས་འཕྱ་དམོད་ཀྱི་འཐིམ་ངེས།།
མི་ཉན་མི་རུང་སྣ་དགུ་ཡི་གོམ་གཤིས།།
གནའ་དང་དེང་གི་བོད་པ་ཚོས་བྱེད་སྟངས།།
འགྱུར་བའི་ཕྱོགས་ཀྱི་ཐབས་ཤེས་ཤིག་བྱུང་ཉིན།།
དྲ་ཐོག་འདི་རུ་བགྲོ་གླེང་གི་རྣམ་པ།།
ཕུན་སུམ་ཚོགས་པའི་ཡན་ལག་དུ་ཨེ་འགྲོ།
དེ་མིན་སེམས་ཅན་མི་མང་གི་ཁ་ན།།
ཆིག་སྒྲིལ་ཕྱོགས་ཀྱི་གཏམ་བཟང་རེ་ཡོད་ཀྱང་།།
དོན་དངོས་ནང་གི་འཐེན་འཁྱེར་ནི་མི་ཆད།།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
དྲ་གྲོགས་བློ་བཟང་མཁྱེན་བརྩེ་ལགས། སྙན་ངག་འདི་ག་འདྲ་འདུག བཟང་ངན་ཞིག་གསུང་དང་།