ཤག་ཤག་ཤག་གིས་རླབས་སྒྲ་ཚུར་ལ་ཕྱོགས།།
སྔོན་མོ་མཚོ་ཡི་གཏིང་མཐའ་མཐོང་མི་ཐུབ།།
ངལ་གསོའི་ཁྲོད་དུ་གནས་པའི་མི་དག་གིས།།
རང་རང་སྣང་བ་གང་སྐྱིད་འདི་ན་བྱེད།།
ལ་ལའི་ཆུང་ཆུང་བྱིས་པ་ལྟ་སྐྱོང་དང་།།
འགའ་ཤས་རང་གི་ཉེ་བའི་གྲོགས་དང་འགྲོགས།།
ཁ་ཤས་རོལ་དབྱངས་ཁྲོད་དུ་བཟི་ཞིང་འཁྱོར།།
ཡིན་ཡང་མཚོ་མོ་འདི་ལ་སུ་ཞིག་ཞེན།།
འདུས་པའི་བརྩེ་ཞེན་དྲོན་མོ་གང་དུ་ཡོད།།
བྲལ་བའི་སྐྱོ་གདུང་རིང་མོ་སུ་ཡིས་འཐེན།།
ངལ་གསོ་སེམས་ནང་རྙེད་པའི་སྐྱེ་བུ་སུ།།
ལྡེབས་བརྩེགས་རི་ནས་བརྒྱབ་པའི་མགྲོན་པོ་གང་།།
མཐའ་མཇུག་མི་གཤིས་ཤིག་གི་སྙན་ངག་ཞིག།
འབྲི་ལ་དགའ་བའི་མི་ཞིག་རྒྱང་རིང་གི།
རི་བོ་མང་བོ་ཞིག་གི་ཕར་རྒྱབ་དུ།།
རང་ཡུལ་སེམས་སུ་བརྣག་མཁན་འཁྱམ་པོ་སུ།།
འདྲིས་པའི་གཤིས་ཀྱི་སེམས་ལ་སྡང་བ་མེད།།
ཤོར་བའི་ལས་ལ་འགྱོད་སེམས་མེད་མཁན་དང་།།
ཐོབ་པའི་བྱ་བ་འགན་འཁུར་ལེན་པ་སོགས།།
མི་ཚེ་མངར་སྐྱུར་འདྲེས་མའི་འཚོ་བ་ཞིག།
དགའ་དུས་དགོད་ཀྱང་སྡུག་དུས་ངུ་བ་དང་།།
ཐོབ་པ་ཉུང་ལ་ཤོར་བ་མང་ན་ཡང་།།
དྲན་ཤེས་མཚོན་གྱི་རལ་གྲི་འཕྱར་བ་ཡིས།།
བདེ་བའི་རྨི་ལམ་གཏོང་ནས་འདུག་མཁན་སུ།།
གཉིད་དུ་གཡུར་ནས་གཞན་ཞིག་རྙེད་འདོད་དང་།།
ངལ་རྩོད་ཁྲོད་དུ་གང་ཞིག་བསགས་འདོད་གཉིས།།
བཞུད་པའི་དར་རྒུད་ཀློང་གི་ཟིན་ཐོ་ཞིག།
བྲིས་པའི་ཡི་གེ་གཟུགས་སུ་འབྲི་དོན་ཅི།།
ཉན་ན་སྙན་སྙན་འདྲ་བའི་གླུ་དབྱངས་ཤིག།
བལྟས་ན་ཡག་ཡག་འདྲ་བའི་མཛེས་མ་ཚོ།།
འགྲོག་ན་སྐྱིད་སྐྱིད་འདྲ་བའི་དགའ་བོ་སོགས།།
ལུས་ཀྱི་བྱེད་སྟངས་འདི་ལ་འཁོ་བམ་ཅི།།
ཤེས་པ་གཟུགས་ལ་མི་ངོམ་ནང་གི་བུ།།
ཐུབ་མེད་སྙིང་གི་གས་ཁ་མ་འཐོར་བར།།
ཅི་ཞིག་རྙེད་འདོད་བསམ་པའི་ཧམ་སེམས་འདི།།
མི་ལ་དགོས་པའི་ཆ་རྐྱེན་ཡིན་ནམ་སྙམ།།
༣༠།༡།༠༩