ཀུན་གྱིས་བདེ་དོན་གླེང་
ཁ་ཐོག་ཚད་ལ་རང་དབང་དགོས་ཤིང་རང་དབང་གླེང་
གང་དུ་སོང་ན་རེད གང་དུ་བསྡད་ཀྱང་ཆོག
ང་ཡིས་དེ་ལྟར་འདོད ཁྱེད་ཚོས་ཀྱང་དེ་ལྟར་གསུང་
ཅ་ཅོ་མང་བའི་རི་གྲོང་ནས
ཆ་ལུགས་མེད་པའི་མི་གཤིས་ཀྱི་ཚོན་འདོག
ཇ་རྟའི་གཞུང་ལམ་སྟེང་གི་སྐུ་མགྲོན་བཞིན
ཉ་ཉོག་ཁོ་ནའི་གཏམ་ཚོགས་སྤུངས
ཏ་ལེན་དང་རྒྱབ་ཁུག་གསར་རྙིང་གི་བར་ནས
ཐ་སྙད་མང་བོ་ཞིག་གི་ཚུར་སྣང་དང་ཕར་རོལ་ན
ད་ལྟ་བའི་བསམ་བློ་བར་རློམ་མཁན
ན་གཞོན་ཆེས་མང་བོ་ཞིག་བག་གཡེང་གི་འཚོ
པན་གྲུབ་དང་ཆོས་རྗེ་མང་བོ་ཞིག་བཞུད་རྗེས་སུ
ཕ་མེས་ཚོས་བླ་བཙོང་ཁོ་ན་ལས་མི་འཇོན་མཁན
བན་དེ་སྐྱ་མིན་སེར་མིན་མི་ཉུང་བ་ཞིག་གིས
མ་གྱུར་སེམས་ཅན་ཟེར་བའི་མིང་ཚིག་ཁོ་ནར་འཐིམ
ཙན་དན་ནགས་ན་ཡོད་ཀྱང་
ཚན་རྩལ་ལས་ལ་མི་གཞོལ་བར
ཛ་དྲག་མེད་ཁུལ་གྱིས་ངང་དུ་འཁྱམ་ཉུལ་བ་དག
ཝ་མོ་གཡོ་སྒྱུ་ཅན་དང་མི་མཚུངས་སམ
ཞ་ར་དང་འོན་པའི་སྐྱེ་བ་བླངས་མེད་ཀྱང་
ཟ་ཉལ་འགྲོ་བསྡོད་ལས་མ་བྱས་ན
འུ་ཅག་གི་རིགས་རུས་འདི་བ་ཚང་
ཡ་རབ་དམ་པའི་ཤུལ་འཛིན་ཡིན་ནམ་ཅི
ཧན་སྲིད་གཞུང་གིས་གཉའ་གནོན་འོག་གནས་ཀྱང་
ཨམ་ཚུགས་བསྡམས་ནས་རང་ལུགས་བཟུང་ན
ཧན་ཚང་གི་རིག་གཞུང་དང་སྲིད་ཇུས་ལ་འགལ་མེད་ལ
ཨ་མའི་བུ་ལོ་ཡིན་པའི་དན་རྟགས་ཀྱང་དེ་མ་རེད་དམ