་་་་་་་་་ད་ལྟའི་བོད་པ་ཚང་གི་འཁྲུལ་གཞི།
བཅོས་མའི་སྙིང་ལ་བཙུགས་པའི་འཕུར་བུ་འདིས།།
འཛུམ་པའི་གདོང་ལ་ཞུགས་པའི་ཚོས་གཞི་ཡིས།།
སེམས་ཀྱི་འདུས་མདོ་མུར་ཉུལ་བཏང་ཤུལ་དུ།།
གྲགས་མེད་འཁོར་བའི་ན་ཟུག་བྲང་ནས་ལྡིང་།།
ཤི་འདས་སླར་གསོན་མེས་པོའི་ཁ་ཆེམས་ཤིག།
དགུང་གི་སྐར་ཚོགས་ལྟ་བའི་མི་ཚོགས་ཁྲོད།།
ཉེས་མེད་བྲིན་པོ་དང་འགྲོག་མི་ཏོ་བའི།།
རང་གཟུགས་སྒྱུ་མའི་འཕར་རྩ་ཁྲག་གི་བཟུང་།།
འདི་ན་དགོས་པའི་དམིགས་བྱ་མི་འདུག་ལ།།
དེ་ན་དོན་ཀུན་འགྲུབ་རབས་མ་ཐོས་མོད།།
ཕ་རོལ་གང་དུ་སོང་ཡང་བདེ་སྡུག་འདི།།
ཆུ་བོ་ཐུར་འབབས་ཤིག་གི་ངང་ཚུལ་རེད།།
བསམ་རྒྱུ་དེ་ལས་མེད་པ་མ་བདེན་ཐལ།།
དྲན་རྒྱུ་ངན་ལས་ཡོད་མེད་མ་ཤེས་སྐད།།
ཟིན་མེད་འཁོར་བ་འདི་ཡི་བྲན་ཁོལ་དུ།།
ཉེས་མེད་བཙོན་མའི་མིང་བྱང་གཟད་ཐབས་མེད།།
དགེ་བའི་རིག་གཞུང་སྣུམ་གྱི་མར་མཆོད་གླེང་།།
མི་དགེ་དུག་གི་ཁ་ཟས་མི་རུང་འདོད།།
བརྟག་ཀྱང་དཔྱད་པའི་འབྲས་བུ་མ་ལོན་པར།།
དོན་མེད་ཉི་མ་རིང་བོ་ནུབ་དུ་བཞུད།།
ཕྱི་རོལ་ཡུལ་རྣམས་མཛེས་པའི་ལྗོངས་རྒྱུར་བསམ།།
རང་གི་ཡུལ་དག་མུན་པའི་ཁམས་དུ་འཁྲུལ།།
དོན་གྱི་གནས་ལུགས་ཀུན་རྨོངས་སེམས་པ་དེ།།
ད་ལྟའི་བོད་པ་ཚང་གི་འཚོ་བར་གྲུབ།།
༡༤།༤།༠༩