ཁ་དང་སྣ་ཡི་བར་དུ་ཞེ་འཁོན་ཞིག།
ལག་པའི་ཕྱི་ནང་བར་དུ་རྩོད་གཞི་ཞིག།
འདི་འདྲའི་མི་རིགས་ཤིག་ལ་ཡར་རྒྱས་ཤིག།
ཡོང་རྒྱུའི་ཕྱོགས་སུ་རེ་བ་ཡོད་དམ་ཅི།།
རིགས་ཞེན་གཙང་མའི་མི་ཐག་མ་ལྷོད་པར།།
སེམས་དང་བསམ་པ་བོད་ཀྱི་བདེན་དོན་ལ།།
དྲི་མེད་ལྷག་བསམ་དངས་པའི་སྐད་ཆའི་རིགས།།
འདི་ནས་གཅིག་གིས་གཅིག་ལ་གསུང་རོགས་ཞུ།།
བོད་ མི་ཟེར་བ་གཅིག་ལས་གཉིས་མེད་ལ།།
བོད་དོན་ཟེར་ན་དེ་བས་གང་ཞིག་ཡོད།།
ཆོས་དང་ཆོལ་ཁའི་ནད་རྙིང་འཕོག་མཁན་ཚོ།།
ད་ནི་དེ་འདྲའི་གཏམ་ངན་འདིར་མི་འཁོ།།
དང་ བོ་རང་སྐྱོན་ཕྲ་མོ་ཤེས་པར་མཛོད།།
བར་དུ་རང་གི་ཅི་འཇོན་བརྟག་པར་གྱིས།།
ཐ་མར་བོད་རིགས་མཐུན་སྒྲིལ་ཕྱོགས་སུ་བརྩོན།།
བྱུང་ན་སྲོག་ཀྱང་བདེན་པའི་དོན་དུ་གཉོར།།
རིགས་ ཞེན་སྙིང་གི་འཕར་ལྡིང་དྲོན་མོ་འདིས།།
རིགས་རུས་གཅིག་པའི་བོད་ཀྱི་སྤུན་ཟླ་ཚོར།།
དུས་དང་ནམ་ཀུན་འབོད་པ་བྱེད་ཀྱི་ཡོད།།
བོད་སེམས་བོད་པས་འཛིན་ལུགས་འདི་ལྟར་འདོད།།
ཁྱེད་ཀྱི་རེ་བ་ཡོངས་སུ་མ་འགྲུབ་ཀྱང། །
རེ་བའི་ཆ་ཤས་ཙམ་ཞིག་འགྲུབ་གྱུར་ན།
མི་རིགས་ཤིག་ལ་ཅུང་ཙམ་ཕན་ངེས་པས། །
དང་པོ་རང་གིས་དེ་དོན་བསྒྲུབ་རྒྱུ་གཙོ། །
རང་གིས་དེ་དག་ཡལ་བར་དོར་གྱུར་ན། །
གཞན་ལ་རེ་བསྐུལ་ཅི་ཙམ་བྱས་གྱུར་ཀྱང། །
ཕན་པའི་འབྲས་བུ་ཆ་ཙམ་མི་འབྱུང་བས། །
རང་གིས་ལམ་སྣེ་འཁྲིད་རྒྱུ་ཧ་ཅང་གལ། །
ང་ཚོས་མགོ་སྔ་གང་རུང་ནས་ཤུ་རེ་བྱེད་དང་། བོད་མི་གཞན་དག་ལ་ཡང་འདི་ལྟར་སྐུལ་ལོངས་བྱེད་དང་། ནམ་ཞིག་རེ་བ་ཆུང་ས་ནས་ཆེན་པོར་འགྲོ་ངེས་རེད། ངས་ཀྱང་འདི་ལྟར་བསམ་ནས་སྐུལ་ལོངས་བྱས། དྲ་གྲོགས་སྤུན་ཟླ་ཁྱེད་ཅག་གིས་ཀྱང་བོད་ཟེར་བ་འདིའི་དོན་དག་གང་དུ་ཡང་རང་རང་གི་གང་འཇོན་པ་དེ་ནས་བཟུང་དེ་འབད་བརྩོན་བྱོས་དང་། ནམ་ཞིག་བོད་པ་ཚང་མའི་རེ་བ་གཅིག་དང་རྨི་ལམ་གཅིག དམིགས་ཡུལ་གཅིག ལོངས་ཕྱོགས་གཅིག འཐབ་ཕྱོགས་གཅིག དགོས་འདུན་གཅིག ཚང་མ་ཕྱོགས་གཅིག་ལ་འགྲོ་མི་སྲིད་པ་མིན། ངས་དེ་ལྟར་འདོད་ཀྱི་ཡོད།
བོད་མི་རིགས་ཚང་མས་འདི་འདྲའི་ལྟ་བ་བཟུང་ན་ཅི་མ་རུང༌།
འདི་རུ་ཕེབས་གནང་བ་དེར་ཐུགས་རྗེ་ཆེ། བསམ་ཚུལ་གང་ཡོད་ན་གསུང་རོགས་ཞུ། སླར་ཡང་ཕེབས་ཐུབ་པར་ཤོག
ལེགས་པོ་བྲིས་འདུག