<གངས་དཀར་ལྷ་སྒྲོན་ལ་ཕུལ།༢༥།༧།༠༩>
མི་ལོ་གཅིག་ཏག་ཏག་བྱིན་པའི་དེ་རིང་གི་ཉིན་མོ
ཞོགས་པ་དེར་ང་རང་རྨི་ལམ་སྐྱིད་པོ་ཞིག་གི་ཁྲོད་དུ་གཉིད་ཡོད
སྐབས་དེར་ཉིད་ཀྱིས་ཁ་པར་འབྱོར
ངས་ཁྱེད་ཀྱི་སྐྱེ་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུས
ཡིན་ཡང་། དེ་ནི་ངས་ཁྱེད་རང་ལ་བརྩི་བཀུར་བྱས་པ་ལས
ང་རང་གི་སྲོལ་རྒྱུན་ཞིག་མིན
ལོ་ངོ་གཅིག་འདས་པའི་དེ་རིང་ངེད་གཉིས་ཁྱིམ་གཅིག་ལ་འདུས
ཉིད་ཀྱིས་རེ་སྒུག་བྱས ངས་ཁྱེད་རང་ལ་སྐྱེ་སྐར་བཟང་ཟེར་རྒྱུར
ཡིན་ཡང་། ངས་ཁྱེད་རང་ལ་སེམས་གཏིང་ནས་སྐྱེ་སྐར་ལས་ལྷག་ཞིག་སྤྲད་ཟིན
དེ་ནི་ངེད་ཅག་གི་སྲས་མོ་དེ་ཡིན མི་འགོར་བར་ཁོ་མོ་འཇིག་རྟེན་འདིར་སླེབས་ངེས
དེ་ནི་མི་ཚེ་གཅིག་གི་རྟེན་འབྲེལ་ཡིན་ལ ནམ་ཡང་འུ་གཉིས་ཀྱི་དྲན་རྟེན་ཡིན
དགའ་ལོ་མ སེམས་སུ་གཉར་རོགས་ཞུ ང་ལ་ནི་ཕ་ཡུལ་མེད་ལ
རང་དབང་མེད་པའི་མི་ཞིག་ཡིན་དུས
རྒྱལ་ཁབ་འདིར་ང་རང་ལ་གཅིག་ཡོད་པ་ནི
ཁྱེད་དང་བྱིས་པ་གཉིས་ཡིན
དེའི་ཕྱིར་སེམས་གཏིང་གི་ཡོད་ཚད་ཁྱེད་ཀྱིས་རྟོགས་པར་ཤོག
དགོངས་ཚུལ་ལྷུག་བཤད་བྱེད་བྱས་བྱུང་།
ཐུགས་རྗེ་ཆེ། བསམ་ཚུལ་གཅིག་མཐུན་བྱུང་སོང་། དགའ་བོ་བྱུང་།
བཀྲ་ཤིས་མགོན་པོའམ་གཉན་མདང་ཕོ་ཉས།
ཆུ་ཐིགས་སྔོན་མོ་ཐོག་མར་ཕེབས་ནས་ངའི་མཛའ་མོའི་སྐྱེས་སྐར་ལ་འཚམ་འདྲི་དང་སྨོན་འདུན་ཞུས་པ་དེར་ཐུགས་རྗེ་ཆེ།
ཨ་ཁུ་ཁ་བ་དཀར་པོ་མཆོ་གིས་ཀྱང་སྐྱིད་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་བཀའ་དྲིན་ཆེ།
གཉའ་འབྲོང་ཐུ་བུ་ལགས་རྟེན་འབྲེལ་ཞུས་པ་ཐུགས་རྗེ་ཆེ།
ཆུ་མོ་ལྟ་བུའི་དངས་གཙང་སེམས་པ་ཞིག།
སྐྱེས་པ་བུད་མེད་ཨ་ཅག་ཁྱེད་ཉིད་ཀྱིས།།
སྒྲོལ་བ་སེམས་ཀྱི་སྨོན་འདུན་ཚིག་གཅིག་སྟེ།།
མ་ཡིས་བུ་ལ་གདམས་པ་ཇི་བཞིན་ལགས།།
ཨ་ཅེ་ཆུ་སྐྱེས་སྒྲོལ་མ་ལགས་ཁ་གཡང་བརྗོད་པ་དེར་ཐུགས་རྗེ་ཆེ།
བཀྲ་ཤིས་མགོན་པོ་ལགས། ངས་ང་ཚོ་ལྟ་བུ་མི་བུ་སྤྱིར་བཏང་དག་ལ་བྱས་རྗེས་དང་འཇོན་རབས་གང་ཡང་མེད་པར་སྐྱེས་པ་ལ་རྟེན་འབྲེལ་ཞུ་དགོས་པ་དེ་འདྲའི་གལ་ཆེན་གང་ཡང་མཐོང་གི་མེད་ལ། སྐྱེས་སྐར་ཟེར་ནས་ཤོག་ཞའི་གཏོར་གཟུགས་ཤིག་མགོ་ལ་གོན་ནས་ཁྱེད་ཀྱི་སྐྱེས་སྐར་ལ་སྐྱིད་པོ་ཡོང་བ་ཤོག་ཟེར་ནས་གླུ་དབྱངས་ཤིག་བླངས་རྗེས་སྒྲོན་མེ་ལ་འཕུ་བཏབ་དེ་སྒྲོན་མེ་གཟིམ་ཏུ་འཇུག་བཞིན་ཡོད་པ་དེ་ནི་ང་རང་གིས་ཡག་པོ་ཞིག་མཐོང་གི་མི་འདུག་པ་མ་ཟད། བོད་ལ་གཏམ་དཔེ་ཞིག་ཡོད། བྱས་རྗེས་མེད་ན་བྱ་དགའ་མེད་ཟེར་བ་ལྟར། ངེད་ཅག་གིས་གང་ཡང་བྱས་འཇོན་མེད་པ་དེར་རྟེན་འབྲེལ་ཞུ་རྒྱུའི་དགོས་པ་གང་ཡང་མཐོང་གི་མི་འདུག་ལ། སྐྱེས་སྐར་འདི་ཡང་ཡེ་ཤུ་ཆོས་ལུགས་ལ་དད་མཁན་དག་གིས་ཡེ་ཤེས་ཀྱི་འཁྲུངས་སྐར་དང་བསྟུན་ནས་བཙུགས་པ་ཞིག་ལས་བོད་ཀྱི་སྲོལ་རྒྱུན་དང་གཏན་ནས་འབྲེལ་བ་མེད་ལ། འོ་ན་ཉིད་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་གང་བསམ་བཞིན་ཡོད་ཟེར་བ་དེའི་ལན་ཏུ། བོད་ལ་ཡང་གནའ་ནས་བླ་མའི་མཛད་རྗེས་ལ་བསྔགས་བརྗོད་བྱེད་ལུགས་དང་བཀུར་སྲོལ་ཞིག་ཡོད་པ་དེ་ལ་རྣམ་པ་ཙམ་ཞིག་གི་རེད་མ་གཏོགས། བླ་མའི་ཁྲི་སྟོན་དང་བླ་མ་རྗེས་དྲན་སོགས་མང་བོ་ཡོད་པ་རེད། དམིགས་བསལ་གྱིས་༧གོང་ས་འདི་བ་ཚང་གི་སྐུ་རིང་ནས་དར་བའི་འཁྲུངས་སྐར་བརྩི་སྲུང་བྱེད་ལུགས་འདི་ནི་བོད་རང་ལ་ཡོད་པའི་སྲོལ་རྒྱུན་གྱི་གོམ་གཤིས་དང་འབྲེལ་ཡོད་སྟབས། དེ་ནི་བརྩི་གསུང་འོས་པ་ཞིག་ཡིན་ལ། འཁྲུངས་སྐར་ལ་དམིགས་ནས་དགེ་སྒྲུབ་སྡུག་སྤོང་དང་གླུ་ལེན་གར་རྩེད་སོགས་བྱེད་ཀྱི་ཡོད་པ་འདི་དག་ནི་༧ཁོང་གིས་མཛད་རྗེས་ལ་བསྔགས་པ་ཡིན་པས་དེ་ནི་འོས་ཤིང་འཚམས་པར་སྙམ། ལྷག་པར་ཏུ་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་འདི་ལ་ངེད་ཅག་གིས་ཞི་བདེའི་ཉི་མ་ཟེར་ནས་ཉིན་གཅིག་ཡིན་རང་ཞི་བདེའི་ལོངས་སྤྱོད་བྱེད་རྒྱུའི་བསམ་བློ་དང་ཉམ་ཐག་ལ་རོགས་རམ་སོགས་ཀྱི་ངོ་བོ་སོགས་ལ་སྒྱུར་ཐུབ་ན་དངོས་ནས་ཡག་པོ་འདུག དཔེར་ན། སྟོན་པ་ཐུབ་པའི་དབང་བོ་མཆོག་གི་འཁྲུངས་སྐར་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན། དབུལ་བོ་ལ་སྤྱིན་གཏོང་དང་ཉམ་ཐག་ལ་རོགས་སྐྱོར། དགེ་འདུན་ལ་གཉེན་བཀུར་གྱི་ལུགས་སྲོལ་ངེད་ཅག་བོད་པ་ཚང་ལ་སྔ་མོ་ཡོད་པ་དེ་ལྟར་རེད་འདོད། འདི་ཙམ་གྱིས་སྐུ་ཉིད་ཀྱིས་དྲི་ལན་ཐེབས་ཡོད་པར་ཤོག
ཨ་རིག་འགྱུར་མེད་ལགས། ངའི་མཛའ་མོའི་སྐྱེས་སྐར་ཕེབས་ནས་སྨོན་འདུན་ཞུས་པ་ཐུགས་རྗེ་ཆེ།
ཁྱེད་ཀྱི་མཛའ་མོའི་སྐྱེས་དུས་ལ་མཚམས་འདྲི་ཡོད།
འོན་ཀྱང་ཁྱེད་ལ་ལུགས་སྲོལ་དེ་མེད་ཟེར།
རེད་དེ་ཁོ་མོ་ལ་ཡོད་པའམ་བསྲུང་བརྩི་བྱས་པ་རེད།
གང་ཡིན་ཡང་། ཁྱེད་ཀྱིས་བལྟས་ན་འདི་ལྟར་སྲུང་བརྩི་བྱེད་པ་དང་།
མ་བྱེད་པ་གང་ལ་དགོས་པ་དང་། རྒྱུ་མཚན་བཟང་བར་འདུག
ང་ཚོས་ལོ་ལྟར་ ༧གོང་ས་མཆོག་གི་འཁྲུངས་སྐར་བསུ་ཀྱིན་ཡོད།
བཀྲ་ཤིས་སྐྱེས་སྐར་གྱི་ཉིན་མོར།།
བཀྲ་ཤིས་དཀར་གཙང་གི་མཇལ་དར།།
བཀྲ་ཤིས་རྟེན་འབྲེལ་དེ་མཚོན་ཆེད།།
བཀྲ་ཤིས་མགུལ་རྒྱན་དུ་སྒྲོན་ཡོད།།
གྲོགས་པོ། ཁྱེད་ཀྱི་མཛའ་མོའི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས།
རྟེན་འབྲེལ་ཞུ།
སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །
ངས་འདི་ནས་ཉིད་ཀྱི་མཛའ་ན་མོའི་སྐྱེ་སྐར་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། མ་ཟད་ཟུར་ཉིད་ལའང་རྟེན་འབྲེལ་ཞུ་བཞིན་ཡོད། ལྷད་མེད་པའི་བརྩེ་དུང་གི་འོག་ནས་མི་ཚེ་མཐའ་འཁྱོལ་བ་ཞིག་ཡོང་རྒྱུའི་སྨོན་ཡང་ཡོད།