་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།
ཟ་ཁང་སྒོ་མ་བརྒྱབ་པའི་ཡར་སྔོན་དེ་འདྲ་ཞིག་ལ། བསྟན་འཛིན་ཚེ་སྐྱིད་ཀྱི་གམ་དུ་ཕོ་གསར་མི་ཉུང་བ་ཞིག་སླེབས་ནས་ནམ་རྒྱུན་ལྟར་རྩེད་མོ་འདྲ་མིན་རེ་གླེང་དེ་བསྡད་ཡོད་ཀྱང་། ཐབ་ཚང་ནང་དུ་བློ་བཟང་གིས་ཁོ་གཉིས་ཀྱི་དགོང་ཟས་བཟོ་བཞིན་ཡོད་པ་རེད།
བསྟན་འཛིན་ཚེ་སྐྱིད་ཀྱི་རོགས་པ་ཕོ་གསར་དེ་དང་བློ་བཟང་གསུམ་གྱིས་ཅོག་རྩེ་གཅིག་གི་སྟེང་ནས་དགོང་ཟས་ལ་རོལ་བའི་མགོ་བཙུགས་མ་ཐག བློ་བཟང་འདི་ང་རང་གི་སྤུན་མཆེད་ཅིག་རེད། ཁོ་རང་གངས་སྐྱིད་ཀྱི་ལས་བྱེད་རེད། དོ་ནུབ་ཁོ་རང་ལས་ཀ་ཞིག་གི་ཆེད་དུ་མེག་ལོར་དུ་ཡོང་ཞོར་དུ་ང་མཉམ་དུ་འདིར་ཡོང་ནས། ངས་ལས་ཀ་ཚར་གྲབས་ཡོད་པ་ཤེས་ནས་འདི་རུ་ཡོང་བ་རེད། དོ་ནུབ་ཁོང་ལ་སྤག་སྤག་ཞིག་ཡོད་སྟབས། དོ་ནུབ་ང་རང་གླ་བྱེད་རླངས་འཁོར་ནང་དུ་འགྲོ་མ་དགོས་པ་རེད་ཟེར་ནས་བཤད།
བློ་བཟང་གི་སེམས་པ་བདེ་རུ་འབབ་པ་དང་འགྲེལ་ནས་ངས་ཁོང་སྔོན་ཆད་མེག་ལོར་གྱི་སྲང་ལམ་དུ་ཐེངས་མ་ཁ་ཤས་ཤིག་མཐོང་མྱོང་འདུག་ཟེར་ཞོར་དུ། ལག་ནང་གི་དཀར་སྡེར་སྟོང་བ་དེ་དག་ཅོག་རྩེ་སྒང་དུ་བཞག་ནས་རྐུབ་སྟེགས་ཕར་འཐེན་ཞོར་དུ་ཁོ་རང་ཡང་རྐུབ་སྟེགས་སྟེང་དུ་བསྡད་དེ། དེས་ན་དངོས་ནས་ཡག་པོ་རེད། དོ་ནུབ་ཁྱེད་རང་ཕྱི་བོ་བར་དུ་ལུས་ཡོད་ཀྱང་། ད་ནི་ཡག་པོ་འདུག་ཟེར་ནས་བློ་བཟང་གིས་ཉིན་དཀར་དེའི་ཐབ་ཚང་གི་ནང་གི་བྱ་བ་དེ་དག་མིག་ལམ་དུ་ཤར་ནས་འོང་དུས་ལུས་ཡོངས་ལ་ཚ་ཤད་ཅིག་བརྒྱབ།
དེས་ངས་ཁྱེད་རང་ལ་ཁ་ཞིག་བསྐྱེལ་ན། དེ་མིན་ན་ངའི་ཁ་ནང་གི་མངར་མོ་འདིས་བྲོ་བ་ཞིག་བལྟས་ན་ཟེར་ནས་བློ་བཟང་གིས་ཟ་མ་བཟོ་བཞིན་པའི་ཟུར་ནས་ཁོ་མོ་ཡར་བློ་བཟང་གི་གདོང་བར་ཕྱོགས་ནས་ཁ་ནང་གི་མངར་མོ་ཁོ་རང་ཕྱོགས་སུ་བསྲིངས་མ་ཐག བློ་བཟང་གིས་དགོད་ཞོར་དུ། ང་རང་མངར་མོ་ལ་དེ་འདྲའི་དགའ་བོ་མེད་ཅེས་བཤད།
དེས་ན་བུད་མེད་ལ་ཁ་བསྐྱེལ་མྱོང་མེད་དུས། དངོས་ནས་བྲོ་བ་ཞིག་ལྟ་འདོད་མི་འདུག་གམ་ཟེར་ནས་བསྟན་འཛིན་ཚེ་སྐྱིད་ལགས་ངོ་ཚའི་ར་བ་ལས་ཡོངས་སུ་བརྒལ་ཡོད་པའི་རྣམ་པ་ཡོངས་སུ་རྫོགས་པ་བློ་བཟང་ལ་བསྟན་དུས། བློ་བཟང་གིས་དམིགས་བསལ་གྱིས་དེ་འདྲའི་ཚོར་བ་ཤུགས་ཆེན་པོ་ཞིག་སླེབས་མ་མྱོང་ལ། དེའི་བསྐོར་ལ་བསམ་བློ་ཤུགས་ཆེན་པོ་ཡང་གཏོང་མ་འཕོད་པར་བསྡད་ཡོད་ཅེས་བཤད།
ག་རེ་བྱས་ནས། ཕོ་མོ་ཚང་མ་ལ་དེའི་ཐད་དུ་བསམ་བློ་གཏོང་བའི་ཐོབ་ཐང་ཡོད་པ་རེད་ཅེས་བསྟན་འཛིན་ཚེ་སྐྱིད་ཀྱིས་སྤོབས་པ་ཆེན་པོ་ཞིག་གི་སྒོ་ནས་བློ་བཟང་ལ་དེ་ལྟར་བཤད།
བློ་བཟང་གིས། རེད་རེད་རེད། བཤད་ན་དེ་འདྲའི་སྟབས་བདེ་བོ་ཞིག་ཆགས་ཡོད་ཀྱང་། ལག་ལེན་དུ་འཁེལ་ནས་འོང་དུས་དེ་འདྲའི་ལས་སླ་བོ་ཞིག་ཆགས་ཡོད་པ་མ་རེད། དཔེར་ན། འུ་གཉིས་སྐྱེ་ས་དང་འཚར་ལོངས་བྱུང་ཡུལ་གཏན་ནས་མི་འདྲ་བར་གོམ་གཤིས་ཀྱང་གཏན་ནས་མི་འདྲ་བ་ཞིག་གི་འོག་དུ་འཚར་ལོངས་བྱུང་བ་རེད། བོད་ནང་གི་བུད་མེད་ཅིག་ལ་ཁྱེད་རང་ལྟ་བུའི་འདི་འདྲའི་སྤོབས་པ་ཡོད་མཁན་ནི་དངོས་ནས་བཙལ་ཀྱང་རྙེད་ཁག་པོ་ཡིན་ལ། དེང་རབས་ཀྱི་སློབ་སྤྱོང་ཐོབ་མྱོང་མཁན་གྱི་བུད་མེད་རེ་ཟུང་གི་ཁྲོད་དུ་ཁྱེད་རང་བཞིན་རང་ཉིད་ལ་གང་དགོས་པ་དང་རང་ཉིད་ཀྱི་གང་འདོད་པ་བཤད་ཐུབ་མཁན་ཡོད་སྲིད་པ་རེད། འོན་ཀྱང་། དེ་ནི་བཤད་ཐུབ་མིན་ལ་མ་བལྟས་པར་འུ་གཉིས་ཀྱི་ཕྱོགས་ན་རང་བཞིན་གྱིས་མ་འདྲ་བའི་ལྟ་སྟངས་མང་བོ་ཞིག་ཡོད་པ་རེད། རྡ་སའི་གཞིས་ཆགས་དག་གིས་གསར་འབྱོར་དག་ལ་མཐོང་ཆུང་བྱེད་པའི་རྣམ་པ་ཞིག་གིས་གསར་འབྱོར་མི་ཉུང་བ་ཞིག་གིས་སེམས་ཁོང་དུ་གཞིས་ཆགས་ཚང་མ་ལ་ལྟ་ཚུལ་ཡག་པོ་ཡོད་པ་མ་རེད། ང་རང་དེང་ཐོག་རྒྱ་གར་རྡ་རམ་ས་ལའི་མེག་ལོར་དུ་འབྱོར་དུས་གྲྭ་བ་ཡིན་ལ། གྲོད་ཁོག་ན་ནས་གཙང་སྤྱོད་ཡོད་ས་མ་ཤེས་པར་མགྲོན་ཁང་ཞིག་དུ་སོང་ན་རེག་ངེས་ཡིན་བསམ་ནས། མེག་ལོར་གྱི་སྲང་བར་དུ་ཨ་ཤོ་ཀ་མགྲོན་ཁང་ཟེར་ནས་བྲིས་ཡོད་པ་བོད་པ་ཞིག་གི་མགྲོན་ཁང་དུ་བསམ་ནས་དེ་རུ་རྒྱུགས་དེ་གཙང་སྤྱོད་ནང་དུ་སོང་ནས་ནང་དུ་ས་བཙོག་ནས་བཙོག་པ་གཏོང་བཞིན་པའི་སྐབས་སུ་ལྕགས་སྒོ་དེ་ནི་ཤུགས་ཆེན་པོ་ཞིག་བརྡུང་སོང་།
དེ་དུས་ང་རང་གིས་གྲོད་ཁོག་ནང་གི་གཟེར་ཤད་ཙམ་ཞིག་བཞག་འདུག་སྟབས་མགྱོགས་པོ་ཡར་བླངས་དེ་སྒོ་ཕྱེ་དུས། བོད་པའི་ཨ་མ་རྒན་མོ་ཞིག་གིས་ཁྱེད་རང་གཙང་སྤྱོད་འདིས་ནང་དུ་སུས་འགྲོ་རུ་བཅུགས་སོང་ཟེར་བས། ངས་ཨ་མ་རྒན་མོ་ལགས། ང་རང་གིས་གྲོད་ཁོག་ན་ནས་གང་དུ་འགྲོ་དགོས་མ་ཤེས་པར་མགྲོན་ཁང་ཞིག་དུ་གཙང་སྤྱོད་ཡོད་རྒྱུ་རེད་བསམ་ནས་འདི་རུ་ཡོང་བ་ཡིན་ལགས་བཅས་གུས་ཉམས་དང་བཅས་དེ་བཤད་ཀྱང་། ཨ་མ་རྒན་མོ་དེས་མིག་སྡང་གིས་ལྟ་ཞོར་དུ་གསར་འབྱོར་འདི་ཚོ་འདི་འདྲའི་ཧམ་པ་ཚ་བ་ལ་གསུངས་དུས། ངའི་སེམས་ནང་དུ་གློ་བུར་དུ་ཨ་ཁ། ངས་སྔོན་ཆད་གོ་བའི་སྐད་ཆ་དེ་དག་དངོས་ནས་བདེན་པ་རེད་འདུག ཨ་མ་རྒན་མོ་འདི་འདྲ་ཞིག་གིས་ང་རང་གྲྭ་བ་ཞིག་ཡིན་པ་ལ་བརྩི་བཀུར་བྱེད་རྒྱུ་ཕར་ཞོག དེ་ལས་ལྡོག་ནས་སྐད་ཆ་འདི་འདྲ་ཞིག་བཤད་ཐུབ་པ་དངོས་ནས་ཧ་ལས་པ་རེད་སྙམ་ཞོར་དུ། གློ་བུར་དུ་ཁ་ནས་འདི་ལྟར་ཤོར་སོང་། ཨ་མ་རྒན་མོ་ལགས། ཁོང་ཁྲོ་མ་བླངས། ང་ཚོ་ཚང་མ་བོད་པ་གཅིག་པ་རེད་མོད་ཅེས་བཤད་དུས། ག་རེ་རེད། བོད་པ་གཅིག་པ་ཡིན་ན་ག་རེ་ཧ་ལས་རྒྱུ་ཡོད་པ་རེད་ཟེར་བའི་ཚིག་དེ་ནི་དེ་ལས་ཀྱང་རྣོ་མངར་ལྡན་པ་ཞིག་ཆགས་ན་ཡང་། ང་རང་གིས་མགོ་བོ་སྒུར་ནས་གང་ཡང་མ་བཤད་པར་ཡོང་བ་ཡིན། དེ་རུ་བུད་མེད་ཁྱེད་རང་དང་འདྲ་བ་གཉིས་གསུམ་ཞིག་ཀྱང་འདུག་ན་ཡང་། ཁོང་ཚོས་ལྟད་མོ་བལྟས་དེ་བསྡོད་པ་ལས། ཨ་མ་རྒན་མོ་ལ་དེ་ལྟར་མ་གནང་རོགས་ཟེར་མཁན་གཅིག་ཀྱང་མི་འདུག དེ་ནས་བཟུང་དེ་དངོས་ནས་ང་རང་གཞིས་ཆགས་ཟེར་ནས་འོང་དུས་སེམས་ལ་མ་བདེ་བ་ཞིག་འདུག འོན་ཀྱང་། སྐབས་དེར་ང་རང་ལ་ཡང་དངོས་ནས་འགྲོ་སྟངས་མ་ཤེས་པའི་ནོར་འཁྲུལ་ཞིག་བྱུང་ཡོད་པ་རེད། ང་རང་གིས་གྲོད་ཁོག་ན་ནས་སྐད་ཆ་འདྲི་རྒྱུ་ཡང་བརྗེད་དེ་ཤར་མར་གཙང་སྤྱོད་ནང་དུ་རྒྱུགས་པ་རེད། ཕྱོགས་གཉིས་སུ་ནོར་འཁྲུལ་ཡོད་པ་རེད་ཅེས་བཤད།
བསྟན་འཛིན་ཚེ་སྐྱིད་ཀྱིས་སྐད་ཆ་དེ་དག་གཅིག་གཅིག་གཉིས་གཉིས་བྱས་དེ་ཉན་རྗེས་སུ། བློ་བཟང་གི་གམ་ནས་ཅུང་ཙམ་ཕྱི་ནུར་བརྒྱབ་དེ་བློ་བཟང་གི་འཁྲིས་སུ་བཞག་ཡོད་པའི་རྐུབ་སྟེགས་སྟེང་དུ་འདུག་ཞོར་དུ། བློ་བཟང་ཁྱེད་རང་གིས་བཤད་པ་དེ་འདྲ་དངོས་ནས་མི་ཉུང་བ་ཞིག་བྱུང་ཡོད་ངེས་རེད། འོན་ཀྱང་། ང་རང་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཡིན་ལ། རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་པ་དེ་དག་གི་གྲྭ་བ་དག་ལ་ལྟ་ཚུལ་དང་གུས་ཞབས་ཡོད་པ་མ་ཟད། གསར་འབྱོར་ལ་དེ་འདྲའི་ལྟ་ཚུལ་སྡུག་ཆག་ཡོད་པ་མ་རེད་ལ། ང་རང་གི་དངོས་ནས་བཤད་ན་བོད་ཀྱི་ཤ་ཁྲག་གཅིག་པ་ཡིན་པས་དངོས་ནས། བོད་ཕྱི་ནང་གང་དུ་སྐྱེ་ཡང་དེ་ནི་བོད་པ་གཅིག་པ་ཡིན་པས་དེ་སྔོན་ཁྱེད་ཀྱིས་ཨ་མ་རྒན་མོ་དེ་ལ་གསུངས་པ་ལྟར་རེད། གཞིས་ཆགས་ཚང་མ་དེ་འདྲ་ཞིག་ཡིན་ནི་མ་རེད། རྗེས་ཕྱོགས་ལྟ་ཚུལ་དེའི་རིགས་འདོར་ཐབས་བྱེད་དགོས་རེད་ཅེས་བཤད་ཞོར་དུ་བསྟན་འཛིན་ཚེ་སྐྱིད་ཡར་བླངས་ཞོར་དུ་བློ་བཟང་གི་ཕྲག་པར་ཁུ་བཙུར་ཤུགས་ཆུང་ཙམ་ཞིག་གཞུས་དེ་ཐབ་ཚང་གི་ནང་ནས་ཕྱི་ལ་བུད།
མུ་འགོད།
གཅན་བཟོད་རྒྱལ་ལགས་ཤུ་རེ་བྱེད་ཀི་ལ་ཡོད། མཆན་པུ་སྔ་མ་འབོར་སོང་རང་ཕྱི་མ་འདི་ཡང་ཡག་པོ་འདུག ཁྲིམས་དཔོན་གཞོན་པ་ལགས།
ཨུ་ཚུགས་ཅན་ལགས། བློ་བཟང་གིས་དངོས་ནས་དྲང་གནས་ཀྱི་ག་རེ་འདོད་བཞིན་ཡོད་དམ་བསམ་གྱི་མི་འདུག་གམ་ལགས། གླེན་པ་འདིས།
བསེ་རུ་ལགས། སྐུ་ཉིད་ཀྱིས་དྲན་པ་དེ་ནི་དེ་འདྲའི་གསལ་བོ་ཞིག ངའི་ཨ་མྱེ་ལགས་དྲན་དུ་བཅུགས་སོང་། ངའི་ཨ་མྱེ་ལགས་ལོ་ན་བདུན་བཅུ་བརྒལ་ཡོད་ཀྱང་བྱིས་དུས་ཀྱི་ལོ་ཟླ་དེ་དག་གཅིག་གཅིག་གཉིས་གཉིས་བྱས་དེ་གསུངས་མྱོང་ཡོད།
སྐར་ཁྲི་བཙན་ལགས། མགོ་རྙོག་དགོས་དོན་ཡོད་ནི་མ་རེད། སེམས་ལྷོད་དུ་བོབས། བུད་མེད་བསྟན་འཛིན་ཆོས་སྒྲོན་གྱི་སྟེང་ལ་སེམས་པ་ཤོར་གོ་མིན་ན་དམྱལ་བ་བོ།
ཇིང་སྲས་མིག་གསུམ་པ་ལགས། ཀློག་དུ་ཕེབས་པ་དགའ་བསུ་ཞུ།
བཀླགས་ཚར་ཡིན་དེས་རྗེས་ལ་་་་་་་
དེ་རིང་བགྲོ་གླེང་ལ་ཕེབས་པ་ཡག་པོ་རེད།
འོན་ཀྱང་བློ་འདོད་མ་ཚིམས་པར་འདུག་དགོས་པ་སྡུག་གྱོང་རེད།
དེ་རིང་མགོ་ཉོག་སོང་།
ཡ་ང་དེ་རིང་སྐད་ཆ་འདི་འདྲ་ཞིག་དྲན་བྱུང་།
སྔོན་མ་སློབ་མ་རྒྱ་གར་ནང་སྐྱེས་པའི་སློབ་མ་ཆུང་ཆུང་ཞིག་གིས།
བྱ་མོའི་སྒོ་ང་ཡང་སྒོ་ང་རེད། ངང་པའི་སྒོ་ང་ཡང་སྒོ་ང་རེད། དེ་གཉིས་ཀ་སྒོ་ང་ཡིན་པ་གཅིག་མཚུངས་རེད་ཅེས་བཤད་བྱུང་།
འདིའི་གོ་དོན་དྲ་གྲོགས་ཚོས་རྟོགས་ངེས་རེད།
ཁ་ནང་ལ་སླེབས་ནས་སྣ་ནང་ནས་ཤོར་ཐལ་གོ། བློ་བཟང་དྲིན་ཆེན་པོ་ད་ལུས་སྡོམས་གཡུག་མི་ཐུབ་ན་ཕྱིར་དགོན་པར་སོང་། སྒྲུང་འདིའི་མཇུག་འབྲས་བློ་བཟང་ཕྱིར་དགོན་པ་སོང་ནས་སློང་གཉེར་བྱེད་རྒྱུུ་དེ་རེད།
ང་ནིངས་ཁྱེད་ལ་མཆན་བུ་ཡག་པོ་སྙིང་རྗེ་བོ་དགོད་བྲོ་བོ་མང་པོ་ཞིག་བྲིས་ཏེ་ཡར་འཇུག་བྱས་མ་ཐག་གང་ཞིག་ལ་ཡལ་སོང་བས་མཆན་བུ་རུ་བབས་མི་འདུག དེ་བ་བསྐྱར་འབྲིའི་ངལ་བ་མི་བྱེད། ད་ཐེངས་ཡིག་ནོར་ཇེ་ཉུང་ལ་དགའ་རབས་ཤིག་སོང་འདུག འདི་ལྟར་རྒྱུན་འཁྱོངས་གནང་རོགས།