་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།
ཉིན་མ་འདི་དག་གི་རིང་དུ་ལས་ཀ་མེད་པར་ནང་ནས་དབྱིན་དགེ་མ་ལེས་ན་ལ་ཡི་གེ་ཁ་ཤས་ཤིག་འབྲི་བཞིན་བསྡད་ཡོད་པའི་བློ་བཟང་ནི། སྔོན་ཆད་ལྟར་འགྱུར་བ་གང་ཡང་མེད་པར། རང་གི་རིགས་ཀྱི་བུ་མོ་ཞིག་ལ་མི་ཚེ་གཅིག་གི་མདུན་མ་སྒྲིག་རྒྱུར་རེ་བ་ཆེན་པོ་ཡོད་ཀྱང་། རང་གི་ཁ་ཐབས་འདི་ཙམ་ཞིག་གིས་རང་ཡང་གསོ་ཐུབ་ཀྱི་མེད་དུས། དེའི་སྒང་ལ་བུད་མེད་ཅིག་འཚོལ་རྒྱུ་དེ་ཡང་ལས་སླ་བོ་ཞིག་མིན་པ་ཁོ་རང་གིས་ལོས་ཤེས།
གྲོགས་པོ་སངས་རྡོར་བློ་བཟང་གི་ནང་དུ་སླེབས་ནས། ཡ་་ བློ་བཟང་ཁ་སང་དེ་རིང་ལས་ཀ་མེད་སྟབས། སེམས་འཁྲལ་བྱེད་ཀྱི་མེད་ལ། ངས་ཁྱེད་རང་ལ་གཏམ་བཟང་ཞིག་བཤད་ཆོག ཁ་སང་དེ་རིང་བོད་གཞུང་གིས་ཆོག་མཆན་ཐོབ་ནས་མི་མང་གིས་ཕྱི་བསྐྱོད་ལག་ཁྱེར་བཟོ་རྒྱུའི་མགོ་མི་རིང་བར་འཛུགས་རྩིས་འདུག དེས་ན་ཁྱེད་རང་ལ་ཡང་སྐྱབས་བཅོལ་ལག་ཁྱེར་ཡོད་མོད། ད་རེབས་ཕྱི་བསྐྱོད་ལག་ཁྱེར་བཟོས་པ་ཡིན་ན་ཡག་པོ་ཡོད་པ་རེད། སྒོར་མོ་ཡང་མང་བོ་ཞིག་དགོས་རབས་མི་འདུག དེའི་ཐད་ཀྱི་འགྲོ་སོང་ལ་ངས་ཁྱེད་རང་ལ་རོགས་པ་བྱེད་ཆོག་ཟེར་ནས་བློ་བཟང་ལ་བཤད།
བློ་བཟང་གིས་མགོ་བོ་ཐད་དུ་གཡུགས་ཞོར་དུ། མིན་མིན། ང་ལྟ་བུ་ཞིག་ཕྱི་རྒྱལ་ལ་འགྲོ་རྩིས་མེད་ལ། འགྲོ་འདོད་ཀྱང་ལས་སླ་བོ་ཞིག་གཏན་ནས་མེད་པ་ཡིན། དེ་ལས་ནམ་ཞིག་ཕྱིར་བོད་དུ་ལོག་རྩིས་བྱས་ན་ཡག་པོ་ཡོད་པ་རེད་ལ། རང་ཉིད་ལ་ཡང་གདམ་ག་ཞིག་ཡོད་རྒྱུ་ན། ཕྱི་རྒྱལ་ལས་བོད་དུ་འགྲོ་འདོད་ཡོད། ཐུགས་རྗེ་ཆེ། ཁྱེད་རང་གིས་སེམས་བཟང་བཅིངས་པ་དེར་དགའ་ནི་ཡིན། ང་དངོས་ནས་ཕྱི་བསྐྱོད་ལག་ཁྱེར་བཟོ་དགོས་དོན་ཞིག་གཏན་ནས་མཐོང་གི་མི་འདུག
སངས་རྡོར་ཅུང་ཙམ་ཧང་སངས་པའི་ངང་དུ། ཁྱེད་འདི་དངོས་ནས་གླེན་པ་རང་རེད། ཕྱི་བསྐྱོད་ལག་ཁྱེར་བཟོས་དེ་བཞག་ན། གཅིག་བྱས་ན་གཞུང་གིས་ཕྱི་རྒྱལ་གང་རུང་དུ་མི་མང་གཏོང་རྩིས་ཡོད་ཀྱང་སྲིད། སྔོན་མ་ཞིག་ལ་ཨ་རི་ལ་ཡང་བོད་གཞུང་གིས་བོད་མི་སྐྱབས་བཅོལ་བ་གཅིག་སྟོང་ལྷག་ཞིག་བཏང་རབས་ཡོད་པ་རེད། དེ་མིན་ཡང་། རང་ཉིད་སྒེར་ལ་ཡང་གོ་སྐབས་རེ་རེག་མི་སྲིད་པ་ཞིག་གཏན་ནས་མིན་ལ། གོ་སྐབས་དེ་འདྲ་རེག་པ་ཡིན་ན། ཕྱི་རྒྱལ་གང་རུང་ཞིག་དུ་སོང་དེ་ལོ་ངོ་ཁ་ཤས་ཤིག་ལ་དཀའ་ལས་བརྒྱབ་དེ་དེ་ནས་ཕ་ཡུལ་དུ་ལོག་ན་འགྲིག་གི་རེད། ཁྱེད་རང་གི་འདོད་པ་ལྟར། ང་རང་ཡིན་ཡང་རང་གི་ཕ་ཡུལ་དུ་འགྲོ་འདོད་མེད་པ་ཞིག་ག་ལ་ཡིན། རེད་དེ། འུ་གཉིས་མི་འདྲ་ས་ཞིག་ཡོད་པ་ནི། ང་རང་ལ་ཆབ་སྲིད་ཀྱི་ནག་ཉེས་ཡོད་སྟབས། ཕ་མ་ཤི་རུང་ཕྱིར་འགྲོ་ས་མེད་པ་ཆགས་ཡོད་པ་རེད་ཟེར་ནས་སེམས་པ་སྐྱོ་བའི་ངང་ཚུལ་ཞིག་མངོན།
བློ་བཟང་གིས་གྲོགས་པོ་སངས་རྡོར་གྱི་ངང་ཚུལ་དེ་མཐོང་བ་དང་། ཡ་ཡ་། ད་བསམ་བློ་མང་བོ་མ་གཏོང་། ཕྱི་བསྐྱོད་ལག་ཁྱེར་བཟོ་རྒྱུ་དེ་ནི་རྗེས་མ་ཞིག་ལ་བསམ་བློ་གཏོང་ཆོག དེ་ལས་ཁྱེད་རང་གིས་ང་ལ་སྔོན་ཆད་ཨ་རག་གི་སྤྱིན་བདག་བྱེད་ཅེས་བཤད་ཡོད་མོད། དེ་རིང་འུ་གཉིས་ཀྱིས་འདི་ནས་ལྷོད་ལྷོད་ཅིག་འཐུང་ན་ག་འདྲ་འདུག་ཟེར་ནས་བཤད།
བློ་བཟང་གིས་གྲོགས་པོ་སངས་རྡོར་ནི་ཨ་རག་འཐུང་རྒྱུར་དགའ་བ་ཤེས་ཀྱི་ཡོད་པས་ལོས་ཡིན། སངས་རྡོར་གདོང་ལ་འཛུམ་ཞིག་བླངས་ཞོར་དུ། ཨ་རོགས་ཁྱེད་རང་གིས་དངོས་ནས་བཤད་པ་ཡིན་ནམ། ཨ་རག་འཐུང་ན་ལས་སླ་བོ་ཡོད་པ་མ་རེད། མི་ཁ་ཤས་ཨ་རག་དང་བོ་འཐུང་དུས་འཐུང་ཚོད་མ་ཟིན་པར། གཅིན་སྐྱག་ཤོར་བའི་གཏམ་རྒྱུད་ཀྱང་ཡོད་པ་རེད།
ཡིན། ཐ་མག་ནི་འཐེན་བཞིན་ཡོད། ད་ནི་ཨ་རག་མཚམས་རེར་འཐུང་ན་སྐྱིད་པོ་ཡོད་རབས་ཤིག་སྔོན་ཆད་ཁྱེད་ཀྱིས་ཡང་ཡང་ང་ལ་བཤད་མྱོང་ཡོད་པ་མིན་ནམ།
རེད། རེད། འཐུང་ཤེས་ན་སྐྱིད་པོ་ཡོད་ནི་རེད།
བློ་བཟང་གིས་སྐད་ཆ་དེའི་གྲོགས་པོ་སངས་རྡོར་གྱི་སྐྱོ་སྣང་དེ་ཡང་སྨུག་སྤྲིན་རླུང་གི་འཁུར་བ་བཞིན་གར་སོང་ཆ་མེད་དུ་གྱུར་ནས། ཁོ་གཉིས་འགྲོག་ནས་མེག་ལོར་སྲང་བར་དུ་ཨ་རག་ཉོ་རུ་སོང་། བློ་བཟང་ཨ་རག་གང་འཐུང་ན་འདོད་ཀི་ཟེར་ནས་དྲིས་དུས། བློ་བཟང་གིས་དམྱལ་བ་བོ་འདིས་ཅི་ཟེར། ངས་སྔོན་ཆད་འཐུང་མྱོང་མེད་པ་ཁྱེད་ཀྱི་ལོས་ཤེས། སྔོན་ཆད་མི་འཐུང་མཁན་ཞིག་གིས་ཨ་རག་གི་བཟང་ངན་ཞིག་གང་ནས་ཤེས། དེ་ལས་ཁྱེད་རང་རྒྱུན་དུ་ཨ་རག་འཐུང་མཁན་རེད་མོད་བཟང་ངན་ཁྱོས་ཤེས་པ་རེད། ཨ་རག་དགའ་ཞིག་ཉོས་མ་གཏོགས། ཆང་འཐུང་གསར་བ་རེད། བྲོ་བ་ཞིམ་པོ་ཞིག་དགོས་པ་རེད་ཅེས་སངས་རྡོར་གྱི་ཕྲག་སྟེང་ལ་ལག་པས་གཞུ་ཙམ་བྱས།
སངས་རྡོར་གྱི་ཤ་རྭ་རྟགས་ཅན་གྱི་ཨ་རག་ཤེལ་དམ་ཆེན་པོ་གཅིག་ཉོས་དེ། འདིས་འུ་གཉིས་ལ་འགྲིག་གི་རེད། ད་འགྲོ སྲང་ནས་ཟ་མ་ཞིག་ཉོས་དེ་ནང་དུ་སོང་དེ་ལྷོད་ལྷོད་ཅིག་འཐུང་ཆོག་ཟེར་ནས་ཁོ་གཉིས་སྲང་བར་གྱི་ཚོང་ཁང་ཞིག་ནས་ཞོག་ཁོག་བསྲེག་མ་ཁ་ཤས་ཤིག་དང་ཐ་མག་སྒམ་ཆུང་གཉིས་གསུམ་ཞིག་བཅས་ཉོས་དེ་བློ་བཟང་གི་ནང་དུ་ཕྱིན།
ཨ་རོགས། ཆང་འཐུང་གསར་བ་འདྲ་ཞིག་མི་རིག་གི དམྱལ་བ་བོ། ཁྱོས་ངོ་མ་ཆང་འཐུང་ན་སྟོབས་ཀི་ཟེར་ནས་སངས་རྡོར་གྱིས་བློ་བཟང་གིས་ཨ་རག་འཐུང་སྟངས་ལ་བལྟས་དེ་བཤད།
བློ་བཟང་ཅུང་ཙམ་ར་བཟི་བཞིན་ཡོད་ཀྱང་། ད་དུང་རྣམ་རིག་ཧ་ཅང་གྲང་བོ་ཡིན་པ་མ་ཟད། སྐད་ཆ་ཅི་ཞིག་བཤད་ཀྱང་གསལ་བོ་དག་པོ་ཡིན་པ་དང་། ཚོར་བ་མ་འདྲ་བ་ཞིག་གིས་ཁོ་རང་ལ་སྐྱིད་སྣང་ཞིག་དང་གདོང་ལ་འཛུམ་ཞིག་རྒྱས་སུ་བཅུགས། དེ་ནས་བློ་བཟང་གིས་སངས་རྡོར་ལ། ཨ་རོགས། ཁ་སང་དེ་རིང་ཁྱོས་ཟ་ཁང་ནང་གི་ཡོང་སྒོ་ཨེ་བཟང་གི་ཟེར་ནས་དྲིས།
བློ་བཟང་འདིས་ཅི་ཟེར། ངའི་སྤུན་མཆེད་ཀྱི་ཟ་ཁང་རེད་མ་གཏོགས། ང་རང་གི་ཟ་ཁང་མིན་པ་ཁྱེད་རང་གི་ཤེས་གསལ་རེད་མོད། ང་རང་གི་ཟ་ཁང་ཡིན་རྒྱུ་ན། སྤུན་ཟླ་དགའ་བོ་ཁྱེད་རང་ངའི་ཟ་ཁང་དུ་ལས་ཀ་བྱེད་དུ་ཡོང་ན་དགའ་བསུ་ཞུ་ངེས་རེད། དེ་འདྲ་མིན་པས་ངས་ཀྱང་སྤུན་མཆེད་ཀྱི་བཟའ་ཟླའི་ངོ་སྲུང་དེ་འདུག་དགོས་དུས། དེ་འདྲའི་སྐྱིད་པོ་ཞིག་མི་འདུག མི་འགོར་བར་ང་རང་གི་སྤུན་མཆེད་ཕྱི་རྒྱལ་དུ་འགྲོ་ས་རེད། བུད་སོང་ན། གཞི་ནས་ང་རང་ལ་ཟ་ཁང་དེ་བདག་ངེས་ཡིན།
བློ་བཟང་དངོས་ནས་ར་བཟི་ནས་མགོ་བོ་ཡང་ཡར་ལ་འཇོག་མི་ཐུབ་པར། ཉལ་ཁྲིའི་སྟེང་དུ་ནར་ནས་བསྡད་ཡོད། དེ་དུས་སངས་རྡོར་གྱིས་བློ་བཟང་། ཁྱེད་རང་གིས་ཉེ་སྔོན་བཤད་པའི་ཉི་མ་ལྷ་སྒྲོན་དེ་བོད་དུ་སོང་ཟིན་པ་རེད་དམ་ཟེར་ནས་དྲིས་དུས།
བློ་བཟང་ལ་སྟོབས་ཤུགས་ཤིག་རྒྱས་པ་ལྟར། མགོ་བོ་ཡར་ལ་འཇོག་ཞོར་དུ། ད་དེ་མ་གླེང་ན་ཡག་པོ་འདུག རྗེས་སུ་ང་རང་གིས་སྲང་བར་ནས་ཐེངས་མ་ཁ་ཤས་ཤིག་ལ་མོ་རང་གི་ཁྱོ་ཀ་དང་བྱིས་པ་ཚོ་ལྷན་དུ་འགྲོ་བ་མཐོང་བ་ནས་བཟུང་དེ། ངས་གཏན་ནས་དེའི་ཕྱོགས་སུ་བསམ་བློ་གཏོང་རྒྱུ་མཚམས་བཞག་པ་ཡིན། རེད་དེ། མོ་རང་གིས་ད་ལྟ་ཡང་ང་རང་ལ་རེ་བ་ཞིག་བཅིངས་ཡོད་པའི་རྣམ་པ་འདྲ་སྟོན་བཞིན་འདུག གང་ལྟར། མོ་རང་དེང་སང་བོད་དུ་ལོག་མི་འདུག་པ་མ་ཟད། སྲང་བར་དུའང་མང་བོ་ཞིག་ཡོང་གི་མི་འདུག ཤེས་གསལ་ལྟར་ན། གཞུང་འབྲེལ་གྱི་ཚོགས་པ་ཞིག་གི་ཟ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་རབས་འདུག
སངས་རྡོར་གྱིས་གྲྭ་ལོག་མི་ཟེར་ན་ཅི་ཟེར། ལྟོས་དང་། ད་ལྟ་ཡང་བཟི་ནས་མགོ་ཡར་ལ་འཇོག་ཐུབ་ཀྱི་མེད་ན་ཡང་། ཉི་མ་ལྷ་སྒྲོན་ཟེར་ནས་གླེང་བ་དང་མགོ་བོ་ཡར་བཀྱག་ནས་ཁ་བརྡ་ཡང་ལྷོད་ལྷོད་བྱེད་ཀྱི་འདུག ཨ་རོགས། གནམ་འོག་ན་ཡོད་པ་ནི་བུད་མེད་ཡིན་ནི་རེད། ལོ་ཆུང་དུས་སྐྱིད་པོ་མ་བྱས་ན་ཆེ་དུས་འགྱོད་ཀྱང་ཕྱི་ནི་རེད། ངས་ཁྱེད་རང་ལ་བུ་མོ་ཞིག་ངོ་སྤྲོད་བྱས་ན་ག་འདྲ་འདུག དངོས་ནས་བུད་མེད་ཡག་པོ་ཞིག་ཡིན། བོད་ནས་སླེབས་དེ་རྒྱུན་རིང་སོང་མེད་ལ། གཅིག་བྱས་ན་ཁྱེད་རང་གིས་ཀྱང་ཤེས་སྲིད། ངས་གོ་ཐོས་ཡིན་ན། མོ་རང་གིས་ཁྱེད་རང་སྣང་བ་འགྲོ་ཡི་འདུག་ཟེར་ནས་ངས་རོགས་པ་ཞིག་གི་ཁ་ནས་གོ་སོང་ཞེས་བཤད།
བློ་བཟང་གིས་ང་ལ་དགའ་ནི་འདྲ་ཡོད་ནི་མ་རེད། ངན་ནེ་ངུན་ནེ་བཤད་ཀི་མ་འདུག
མུ་འགོད།
ཨ་ ཁ་་་་་ ད་ཡིན་ན་ཡང་བློ་བཟང་གླེན་རྒན་འདིའི་ཤོར་ས་མིན་འགྲོ་་་་་་་
སྤུན་ཟླ་ཁྱེད་ཅག་ལ་དངོས་ནས་སུན་སྣང་སྤྲོད་པ་དང་། ཡང་ན་ཀློག་འདོད་མེད་པ་སོགས་ཀྱི་དཀའ་ངལ་སོགས་ཡོང་གི་མེད་ཚོད་འདུག་པ་དེ་ནི་དངོས་ནས་དགའ་ནི་ཡིན་ལ། བློ་བཟང་གིས་གོ་ན་དངོས་ནས་དགའ་ངེས་ཡིན། ལས་ངན་འདིས་མོ་སྡོམ་འདི་ལས་སླ་བོ་ཞིག་གཏོང་འདོད་མེད་དོན་གང་ལ་ཐུག་སྲིད་དམ། ང་ལ་སྙིང་རྗེ་མེད་པ་མ་ཡིན་པར་བློ་བཟང་འདིའི་སེམས་ནང་གི་རེ་བ་དངོས་ནས་གང་ཡིན་ག་ལེར་ཤེས་རྒྱུར་འབད་རོགས་ཞུ།
མོ་ཤ་འདི་ཟ་རྒྱུ་ཞིག་དངོས་ནས་ཡིན་མིན་དེ་ནི་བློ་བཟང་གིས་ད་དུང་ཡག་པོ་ཞིག་ཤེས་ཀྱི་ཡོད་མེད་དེ་ནི་དངོས་ནས་སྙིང་རེ་རྗེ་བཞིན་ཡོད་ཀྱང་། མོ་ཤ་ཟ་རྒྱུ་དེ་ནི་ཆག་སྒོ་ལྟ་བུ་ཞིག་དུ་ཚོར་བཞིན་ཡོད་པ་འདྲ།
སྐར་ཁྲི་བཙན་ལགས། བློ་བཟང་ལས་ངན་པོ་ཁྱེད་རང་དང་མི་འདྲ་བ་ཞིག་ཡོད་པ་ནི་ཁྱེད་རང་གྲྭ་བ་བྱས་མ་མྱོང་བ་དེ་ཡིན་སྲིད་ངེས། ཨེ་རེད་ལགས།
རྫོགས་མི་སྲིད་པའི་སྒྲུང་གཏམ། ཀློག་མི་ཚར་བའི་དངོས་སྒྲུང་།
བློ་བཟང་འདིར་བསོད་སྐལ་མི་འདུག གཙོ་བོ་ཤ་ཁྲག་རུས་གསུམ་ལ་སྙིང་རྗེ་མེད་པས་རེད།
ཧ་ཧ་ཧ་དེ་ནི་སྒྱུ་རྩལ་གྱིས་བསྐྲུན་པའི་གཡོ་འཁྲུལ་ཞིག་རེད།།
རེད་རེད་བཀླགས་ཟིན་དུ་ནས་་་
སྒྲུང་འདི་ལ་ངས་མིང་གཅིག་འདོགས་ཀྱི་ཡིན། ཤ་ཁྲག་རུས་གསུམ་གྱི་ཚེ་སྒྲུང་། དྲ་གྲོགས་ཁོའི་མི་ཚེའི་ནང་སྒྲུང་འདི་རྫོགས་ས་མ་རེད་གོ དྲ་གྲོགས་ཤ་ཁྲག་རུས་གསུམ་གྱི་མིང་ལ་ད་ནས་བཟུང་འབྲི་མི་ཚར་བའི་རྩོམ་པ་པོ་འགུ་རུ་རྒྱལ་མཚན་གཉིས་པ།
བློ་བཟང་ངེད་གཉིས་་གླེན་་ཞིག་སྐྱབས་བཅོལ་སྤྱི་ཚོགས་ནང་ན་མེད་ཁོ་ཐག་རེད་བསམ་བློ་བཏང་སྟངས་འདྲ་ས་མང་པོ་འདུག མི་ཚེའི་གཏན་གྲོགས་བོད་མོ་གཅིག་པོ། མི་ལ་ལག་པ་མི་ཟེད་པ། ཕྱི་རྒྱལ་ལ་འགྲོ་འདོད་མེད་པ། ང་ལ་ཕ་ཡུལ་གཅིག་པ་དང་གྲོགས་པོ་ཚོས་དུས་རྒྱུན་དུ་གཤེ་གཤེ་གཏོང་གི་རེད། ཁྱོད་ལྟ་བའི་ཨུ་ཚུགས་ཅན་གྱི་བླུན་པོ་ཞིག་སྤྱི་ཚོགས་འདིའི་ནང་ན་གཞན་ཡོད་ནི་མ་རེད་བཤད་མྱོང་ཡོད་མོད། ང་ལ་རོགས་པ་བློ་བཟང་འདུག། རང་་གི་མི་ཚེའི་ནང་མི་རིགས་འདིའི་ཆེད་དུ་རླབས་ཆེན་གྱི་བྱ་བཞག་ཞིག་གསར་བཏོད་དམ་ཡང་ན་ཁ་ཡོད་ལག་ཡོད་ཀྱི་རྗེ་༸གོང་ས་མཆོག་ལ་ཞབས་ཞུ་ཡག་དག་ཅིག་བྱ་འདོད་ན་། དབང་ཐང་དང་བསོད་ནམས་མེད་ན་དཀའ་ཤོས་རེད་མ་གཏོགས་ཕྱི་རྒྱལ་ལ་འགྲོ་བ་དང་ཕྱི་མོ་འཚོལ་བ་ད་ལས་སླ་བོ་ཞིག་མ་གཏོགས་ཁག་པོ་ཞིག་རྩ་བ་ནས་མཐོང་མྱོང་མེད། གལ་སྲིད་བློ་བཟང་མི་ཚེ་འདིའི་ནང་ང་དང་ངོ་ཤེས་པའི་སྐལ་བ་ཡོད་ན་ངེད་གཉིས་གྲོགས་པོ་ཡག་ཤོས་ཤིག་ཆགས་ཁོ་ཐག་ཡིན།
སྔོན་མར་ངའི་གྲོགས་པོ་ཞིག་གིས་མོ་ཤ་དྲིན་ཆེན་པོ་དེ་ད་འདྲ་རྒྱུ་ཞིག་མེད་ཅེས་བཤད་མྱོང་བ་བཞིན། ད་ནི་མི་རྐྱང་བློ་བཟང་ལ་ཡང་མོ་ཤ་དྲིན་ཆེན་པོ་དེ་གཅིག་རག་ན་འགྲིག་གི་ཡ། ཨ་རོ། ཁྱོའི་སྨྱུག་རྩེ་འདི་ནས་བློ་བཟང་གིས་ཅིག་འདག་རྒྱུ་རེད་ལ། ཅིག་རག་ལ་ཁད་ཡིན་དུས་སུ་ཅིག་ག་ཡལ་འགྲོ་གི་འདུག