་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།
བློ་བཟང་གིས་གྲོགས་པོ་དེའི་ཟ་ཁང་དུ་ལས་ཀ་བྱས་དེ་ཟླ་ངོ་གཅིག་ཏག་ཏག་ཕྱིན་ཡོད་ལ། ཉིན་ཁ་ཤས་ཀྱི་རྗེས་སུ་ཁོ་རང་ཟ་ཁང་དེ་ལས་ཕྱིར་བུད་རྒྱུའི་སྐད་ཆ་དེ་ཡི་མགོ་ཡང་བློ་བཟང་གིས་བཙུགས།
གྲོགས་པོ་དེས་བློ་བཟང་གི་སྐད་ཆ་དེ་དག་ཉན་རྗེས་སུ་ཨམ་ཕྲག་ནང་དུ་བསྔོག་ནས་དངུལ་ཁུག་ཕྱི་ལ་བཏོན། ཧིན་སྒོར་གཅིག་སྟོང་ཞིག་བློ་བཟང་ལ་སྤྲོད་ཞོར་དུ། ཁྱེད་རང་གིས་རོགས་རམ་བྱས་པ་དེར་དངོས་ནས་སྙིང་ཐག་པ་བཀའ་དྲིན་མཚོན་བྱེད་ཟེར་ན་འདྲ། ལག་རྟགས་ཤིག་གི་ཚབ་དུ་ཟེར་ན་ཆོག ངའི་ཟ་ཁང་དུ་ཡོང་སྒོ་བཟང་རྒྱུ་མེད་པས་འདི་ཙམ་ལས་བྱུང་མ་སོང་བ་དགོངས་འགལ་མེད་པ་ཞུ།
བློ་བཟང་གིས། མིན་མིན། དངོས་ནས་ང་ལ་མི་དགོས། དགོངས་དག་་དངོས་ནས་ཟེར་དགོས་པ་མ་རེད། ང་ལ་དངོས་ནས་ད་ལྟ་དགོས་མཁོ་ཆེན་པོ་མི་འདུག གལ་སྲིད། རྗེས་མ་རོགས་རམ་རེ་བྱེད་དགོས་སར་ཐུག་དུས། ངས་ཁྱེད་རང་བཙལ་ནས་ཡོང་ཆོག་དེ་དུས་སེམས་ནས་མ་བརྗེད་ཅིག
དེ་འདྲ་ཟེར་སྲོལ་ཞིག་ག་ལ་ཡོད། འདི་མ་བླངས་པ་ཡིན་ན། ཁྱེད་རང་གིས་ངས་སྤྲད་པ་འདི་ཉུང་སོང་བ་རེད་བསམ་ནི་ཡིན། འདི་ཙམ་ཞིག་སྐྱོན་ནི་མ་རེད། ལེན་རོགས་ཞུ། རྗེས་ཕྱོགས་ཀྱང་ང་རང་གི་བྱེད་ཐུབ་ས་རེ་ཡོད་དུས་རོགས་པ་བྱེད་ཁོ་ཐག་ཡིན་ཟེར་ནས་ཧིན་སྒོར་ལྔ་བརྒྱ་ཅན་གཉིས་དེ་བློ་བཟང་གི་ལག་ནང་དུ་བརྫངས།
བློ་བཟང་གིས། དེས་ན་འདི་བྱེད། ལྔ་བརྒྱ་ངས་ལེན་ཆོག ཁྱེད་རང་གི་ངོ་མི་ལྡོག་ཆེད། ལྔ་བརྔ་འདི་ཁྱེད་གི་ཕྱིར་ལེན་རོགས་ཟེར་ནས་ཚིག་སྔ་མནའ་ཡིས་བཅད་སྟབས། གྲོགས་པོས་ཀྱང་། མནའ་ངོ་མ་ལོན་པར་ཕྱིར་རང་གི་ཨམ་ཕྲག་ནང་དུ་བསྡུ་ཞོར། དེས་ན་འགྲིག་གི སང་ཉིན་དགོང་མོ་ང་ཚོ་ལྷན་དུ་འཛོམ་ནས་ཁ་ལག་ཡག་པོ་ཞིག་བཟོས་དེ་ཆང་སྐྱིད་པོ་ཞིག་འཐུང་། དེའི་སྤྱིན་བདག་ང་བྱེད།
བློ་བཟང་སླར་ཡང་ལས་ཀ་མེད་པའི་སྐབས་དང་བསྟུན་ནས་བདེ་གྲོལ་བཟའ་མི་གཉིས་ཀྱི་ནང་དུ་འགྲོ་བ་དེ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཆགས་ཡོད་པ་དང་། ནོར་བུ་བཟང་མོ་དང་ཁོ་གཉིས་ཀྱི་བར་ལ་ཡང་སྐད་ཆ་བཤད་རྒྱུ་ཇེ་མང་དུ་བྱིན་པའི་རྣམ་པ་དེ་དག བདེ་གྲོལ་བཟའ་མི་གཉིས་ཀྱིས་མཐོང་བ་དང་ཐོས་ཀྱི་ཡོད་ཀྱང་། ཡག་བཙོག་བཟང་ངན་གང་ཡང་མ་བཤད་པར་དུས་ཡུན་གང་ཙམ་ཞིག་སོང་།
ནོར་བུ་བཟང་མོས་བློ་བཟང་ལ་བཤད་པའི་མོ་རང་གི་བསྐྱལ་བའི་མིག་ཆུའི་ཁྲོད་ཀྱི་ལོ་ཟླ་དེ་དག་གི་སྐད་ཆའི་ཚིག་འབྲི་རེ་རེ་ཡིས་བློ་བཟང་གི་སེམས་ལ་ཡང་རྨ་ཁ་གསར་བ་ཞིག་བཟོ་བཞིན་ཡོད་ལ། རྨ་ཁ་དེའི་རྐྱེན་དང་བསྟུན་ནས་བློ་བཟང་གི་སེམས་པ་ནི། ནོར་བུ་བཟང་མོའི་སེམས་ཁམས་ཀྱི་ཁ་ཐག་ཇེ་ཉེར་འགྲོ་བཞིན་ཡོད་ཀྱང་། བློ་བཟང་གིས་རང་ཉིད་ཀྱི་སེམས་པའི་ན་ཟུག་ཞིག ནོར་བུ་བཟང་མོ་དང་འགྲོག་ནས་བྱུང་བཞིན་ཡོད་པ་གཏན་ནས་ཚོར་གྱི་མེད་པ་རེད།
ཉིན་ཞིག་ནོར་བུ་བཟང་མོའི་ཨ་ཅེ་ཡིས་བློ་བཟང་ལ། བློ་བཟང་། ཁྱེད་རང་མྱི་ཚེ་བཀང་བོར་མི་རྐྱང་ལ་བསྡོད་མི་སྲིད་དུས། རང་གི་ཚེ་གཅིག་གི་སྐྱ་ཡ་ཞིག་བཙལ་ན་རེད། གལ་སྲིད། ཁྱེད་རང་འཐད་པ་བྱུང་བ་ཡིན་ན། ངེད་ཚང་གི་ནོར་བུ་བཟང་མོ་དང་ཁྱེད་གཉིས་གཉེན་སྒྲིག་བྱས་ན་ང་དངོས་ནས་སེམས་བདེ་ས་རེད། འུ་ཅག་གིས་ཕན་ཚུན་ངོ་ཤེས་རེད། ལས་ངན་མ་འདིས་བོད་ནང་ནས་སྡུག་མ་མྱོང་གི་བསམ་པ་ཞིག་ཡོད་ནི་མ་རེད་ཅེས་འདས་སོང་གི་གཏམ་རྒྱུད་དང་། ད་ལྟ་ཁོ་མོ་ལ་ཁྱེད་རང་ལྟ་བུའི་མི་ཞིག་གི་དགོས་མཁོ་ཡོད་པ་མ་ཟད། ཁོ་མོ་ཁྱེད་རང་ལ་དགའ་ནས་ཡུན་རིང་སོང་ཡོད་པ་སོགས་སྐད་ཆ་མང་བོ་མང་བོ་ཞིག་བཤད།
བློ་བཟང་གིས། ནོར་བུ་བཟང་མོའི་ཨ་ཅེ་ཡིས་སྐད་ཆ་དེ་གོ་མ་ཐག ད་གཟོད་རང་ཉིད་ཡང་ནོར་བུ་བཟང་མོ་དང་ཆེས་ཉེ་ས་ཞིག་དུ་སླེབས་ཡོད་པ་གཞི་ནས་དྲན་གསོས། བློ་བཟང་གིས་འཁང་ཆུང་གི་ཚུལ་དང་བཅས། ནོར་བུ་བཟང་མོ་ནི་དངོས་ནས་བུད་མེད་ཡ་རབས་ཤིག་རེད། ང་ལྟ་བུ་ཞིག་ལ་དགའ་ས་ཞིག་ཡོད་ནི་མ་རེད་ལ། ཁོ་མོ་དངོས་ནས་ང་རང་ལ་དགའ་ཡི་ཡོད་མེད་དེ་ནི་ང་རང་གིས་ཐད་ཀར་ཁོ་མོ་ལ་སྐད་ཆ་དྲིས་ཆོག ཡིན་ཡང་། ངས་ད་ལྟའི་སྐྱིད་སྡུག་ནི་ཁྱེད་རང་གི་ཤེས་གསལ་རེད། ད་ལྟ་ང་རང་ལ་བཟའ་ཚང་ཞིག་འཚོལ་རྒྱུའི་དུས་སུ་སླེབས་ཡོད་པ་མ་རེད།
དགོང་མོར་དེར་བློ་བཟང་བདེ་གྲོལ་ཚང་དུ་བསྡད། ཁོང་ཚོས་དགོང་ཟས་ཀྱི་རྗེས་སུ་ཤོག་རྩེད་འདྲ་རྩེད་ནས་ཅུང་ཙམ་འགོར། བར་སྐབས་ཤིག་ལ། བུད་མེད་ཚོ་ཉལ་དུ་སོང་ཤུལ་དུ། བདེ་གྲོལ་དང་བློ་བཟང་གཉིས་ཀྱིས་སྤི་རག་་ཞིག་འཐུང་བཞིན་ཡོད་ཀྱང་། སྐད་ཆ་བཤད་ཀྱིན་་བཤད་ཀྱིན། ནོར་བུ་བཟང་མོ་དང་ཁོ་གཉིས་ཀྱི་བསྐོར་གླེང་།
བདེ་གྲོལ་གྱིས། ཁྱེད་རང་ངའི་གྲོགས་པོ་རེད་ལ། ནོར་བུ་བཟང་མོ་ངའི་ཆུང་མའི་སྤུན་ཡ་མ་རེད། ང་རང་གི་དངོས་ནས་བཤད་ན། ཁྱེད་གཉིས་ཁྱིམ་གཅིག་དུ་ཆགས་སོང་བ་ཡིན་ན་དངོས་ནས་དགའ་ནི་ཡིན་ལ། ངེད་བཟའ་མི་གཉིས་ཀྱིས་ཀྱང་། ཁྱེད་གཉིས་ལ་འཇོན་ཚོད་ཅིག་རོགས་པ་བྱེད་ཆོག ནོར་བུ་བཟང་མོ། སྤྱིར་བཏང་གི་ཆ་ནས་སློབ་གྲྭ་ནས་སློབ་སྤྱོང་ཞིག་བྱེད་ཐུབ་རྒྱུ་ན་བསམ་ཡང་། དེ་ནི་མ་བྱུང་བ་རེད། དེ་ཡིན་དུས། བཟའ་ཚང་དགའ་ཞིག་བཙལ་ནས་འཁོར་བ་ཞིག་བཟུང་ན་རེད་སྙམ་ཡོད། ཁྱེད་རང་ལ་ངའི་སྐད་ཆ་འདིར་བསམ་ཚུལ་གང་ཡོད་ང་རང་ལ་གསལ་བོ་ཞིག་བཤད་རོགས།
བློ་བཟང་གིས། ཅོག་རྩེ་སྟེང་གི་ཤེལ་ཐོར་གཉིས་དེ་ཡར་བཀྱག་ནས་གཅིག་བདེ་གྲོལ་ལ་སྤྲད་དེ་རང་གི་ཧུབ་བཀང་འཐུང་རྗེས། སྤྱིར་བཏང་། ཁྱེད་བཟའ་མི་གཉིས་ང་རང་ལ་བཀའ་དྲིན་ཆེན་པོ་ཡིན་ལ། ནོར་བུ་བཟང་མོ་ཡང་བུད་མེད་ཡ་རབས་ཤིག་རེད། ང་རང་ལ་དེ་འདྲའི་མ་ཆོག་པ་ཞིག་མེད་ཀྱང་། བོད་པ་ཚང་གི་ལུག་སྲོལ་ལྟར་མོ་ཞིག་བཏབ་ན་ག་འདྲ་འདུག ད་དུང་། ང་རང་ཁོ་མོ་ལ་དངོས་སུ་སྐད་ཆ་ཁ་ཤས་ཤིག་འདྲི་རྒྱུ་ཡང་ཡོད།
རྡ་སའི་གནམ་སྔོ་ཡང་འགྱུར་བ་ཧ་ཅང་ཆེ་ཞིང་སྐར་ཆ་ཁ་ཤས་ཀྱི་སྔོན་དུ་གནམ་ངོ་ཧ་ཅང་འཐིབ་ཡོད་ཀྱང་། ད་ནི་སྨུག་པ་ཡོངས་རྫོགས་མེད་པར་ཆགས། བློ་བཟང་དང་ལྷ་མོ། ནོར་བུ་བཟང་མོ་གསུམ་གཞུང་ལམ་བརྒྱུད་རྐང་ཐང་དུ་མེག་ལོར་ཕྱོགས་སུ་འགྲོ་བཞིན་ཡོད་ལ། བློ་བཟང་གིས་རྒྱང་རིང་གི་གྲོང་བརྡལ་ཆུང་ཆུང་ཟེར་ནས་མགོ་་བཙུགས་མ་ཐག ནོར་བུ་བཟང་མོས་ཀྱང་སྐད་དམའ་མོའི་སྒོ་ནས་བློ་བཟང་ལ་རམ་འདེགས་ཀྱི་ཚུལ་དུ་ལེན་བཞིན་ཡོད།
བློ་བཟང་གིས་ལྷ་མོར། ཁྱེད་རང་སྔོན་དུ་སོང་ནས་གཙུག་ལག་ཁང་གི་འགྲམ་དུ་ངེད་གཉིས་ལ་སྒུག་ནས་སྡོད་དང་། ང་ནོར་བུ་བཟང་མོ་ལ་སྐད་ཆ་ཞིག་འདྲི་རྒྱུ་འདུག དེ་ནས་ང་ཚོ་མོ་འདེབས་དུ་འགྲོ
ལྷ་མོས། ཡ་ཡ་། དེས་ན་ངས་སྒུག་ནས་འདུག ཁྱེད་གཉིས་མགྱོགས་པོ་ཤོག་ཟེར་བཞིན། གདོང་ལ་འཛུམ་ཞིག་བླངས་ཀྱིན་བུད་སོང་།
བློ་བཟང་གིས། ཡ་ དེ་ནས་སྡོད་དང་ཟེར་ནས་རྡོ་ཕ་བོང་ཞིག་ལ་འཛུབ་མོ་བཙུགས། ནོར་བུ་བཟང་མོས་བློ་བཟང་གི་འཛུབ་མོ་བཙུགས་སའི་རྡོ་ཕ་བོང་དེའི་སྟེང་དུ་བཙོག་ཞོར་ལྷད་མེད་ཀྱི་འཛུམ་མདངས་ཤིག་བློ་བཟང་ལ་བསྟན།
བློ་བཟང་ས་ལ་ཡང་མ་བསྡད་པར། ནོར་བུ་བཟང་མོ། ངས་འདི་ནས་ཁྱེད་རང་ལ་སྐད་ཆ་ཁ་ཤས་ཤིག་འདྲི་རྒྱུ་ཡོད། དེར་ཁྱེད་རང་གིས་ལན་གསལ་བོ་ཞིག་རང་གི་ཁོག་དུ་གང་བསམ་མྱོང་བ་གང་དྲན་པ་དག་ལན་འདེབས་རྒྱུ་དེ་ནི་ང་རང་གི་རེ་བ་ཡིན་ལ། འུ་གཉིས་ཀྱི་མ་འོངས་པ་དང་། འུ་གཉིས་ཀྱི་མི་ཚེ་ལ་རེག་ལས་ཡོད་ཟེར་ན་འགྲིག
མུ་འགོད།
རྒྱུན་དུ་སེམས་འཁུར་དང་བཅས་དེ་ཕེབས་ཀྱིན་པའི་སྤུན་ཟླ་ཁྱེད་ཅག་ལ་ངས་བློ་བཟང་གི་ཚབ་བྱས་དེ་ཐུགས་རྗེ་ཆེ་ཞུ་ཆོག
བསེ་རུས་དྲན་བཞིན་ཡོད།
བཀླགས་ཟིན།
བླུན་པོ་བློ་བཟང་རྡ་རམ་ས་ལ་ཡོང་།།
ཨ་མ་རྒན་པོ་ཐབ་ཏུ་འགུག་ཐབས་བྱས།།
མོ་རྩིས་ལུང་ལ་སྐད་ཆ་འདྲི་བ་འདི།།
གླེན་པར་ཆག་སྒོ་ཡོང་བའི་སྔ་ལྟས་ཉིད།
བུ་མོ་བསྟན་འཛིན་སྐད་ཆ་འཇའ་ལྟར་ཡལ།།
ཉི་མ་སྒྲོལ་མའི་སྟུ་ལ་ཆགས་པ་ལངས།།
དབྱིན་དགེ་མ་ལའི་དགའ་བ་རླུང་ལ་བསྐུར།།
ནོར་བུ་བཟང་མོའི་བསླུ་བ་དང་དུ་བླངས།།
མོ་འདེབ་ཀི་ངའི་ས་རུ་ཤོག ངའི་མོ་དགའ་རབས་ཐིགས་པོ་ཡོད། ད་ཐེངས་བློ་བཟང་གི་ལག་ན་སྒོར་མོ་ཅང་མེད་པ་ལ་དམིགས་ནས་མོ་ཡོན་ཡང་རྟེན་འབྲེལ་ལྟ་བུ་ཞིག་ལས་མཐོན་པོ་ཞིག་ལེན་གི་མིན།