སྐད་ངག་ཡོད་ཚད་བཀུགས་དེ་གླུ་ཞིག་ལེན།།
སྙན་པའི་དབྱངས་རྟ་ཞིག་གི་རོགས་འདེགས་མཁོ།།
སྒྱུ་མའི་འཕྲུལ་ལ་དཕྱངས་པའི་གླིང་ཁ་ནས།།
དུས་ཀྱི་མཚམས་དང་འབྲེལ་བའི་བརྡ་ཞིག་འཚོལ།།
སྐྱི་མོ་དེ་ལ་གཅེས་པའི་རང་བློམ་འདིས།།
རང་ལ་ཡག་དུ་བལྟ་བའི་གོམ་སྲོལ་དང་།།
གཞན་ལ་བཙོག་དུ་མཐོང་བའི་འགྲོ་བ་མི།།
སྐྱེ་འཆིའི་འགག་མདོ་ཞིག་དུ་བཟི་ཞིང་རྨོངས།།
ཐོབ་པ་སྙན་གྲགས་སྟོང་བའི་འབྲུག་སྐད་དང་།།
ཤོར་བ་ཤོག་དངུལ་སྐམ་པོའི་ལས་བྲེལ་གཉིས།།
རང་ཉིད་ཚེ་གཡོག་བྱེད་ལ་དགའ་ལུགས་འདི།།
དུས་རབས་ཉེར་གཅིག་གྲོང་འདི་སྡོང་ལོ་བཞིན།།
རུས་སྐམ་ཞིག་ལ་ཤ་ཡི་བརླན་པ་དེར།།
རྣམ་ཤེས་ཟེར་བའི་གཟུགས་མེད་འཁོར་ཉིན་ནས།།
དེ་ལ་ཆགས་པའི་མི་ཡི་རིགས་འདི་ལ།།
བསྡོད་པའི་དུས་ཡུན་མེད་པའི་ངང་དུ་འཚོ།།
ཚོས་གཞི་ཞིག་ལ་འཐིམ་པའི་ཕྱིར་ཉིན་དེར།།
དུངས་པ་ཞིག་ལ་འཕྲེང་བའི་ཞེན་རྩ་ཡིས།།
ཁྲག་ལ་སྙིང་དུ་སྡུག་པའི་འདུ་ཤེས་སོགས།།
འཚོ་བ་བསྐྱེལ་སྟངས་ཤིག་གི་སྔོན་འགྲོ་ཆགས།།
སྐད་རིགས་འདྲེས་པའི་གཞན་ཡུལ་འགྲིམ་པ་དང་།།
གོམ་གཤིས་སྣ་འཛོམ་བསྲེས་པའི་གླིང་ཕྲན་དུ།།
ནམ་ཡང་གཅིག་དུ་བསྡུས་མེད་དྲན་གཟིགས་ཤིག།
ཀུན་གྱི་འགྲན་དུ་བྱེད་པའི་ལས་སུ་བཞེངས།།
༤།༩།༡༠གཅིག་བྱས་ན་འདི་ལྟར་བྲིས་དེ་འདི་ལྟར་གླེང་དགོས་དོན་རེ་ཡོད་སྲིད་ཀྱང་། དེ་ནི་མཐའ་གཅིག་དུ་ཀུན་གྱི་དགོས་མཁོར་འགྱུར་མིན་མི་ཤེས།
རིག་པའི་དཔའ་བོ་ཤ་ཁྲག་རུས་གསུམ་ཀྱིས།།
བོད་སྐད་དྭངས་མའི་སྙན་ཚིག་གསར་བ་འདིས།།
རིགས་ཀྱི་བུ་ལ་རིག་པ་གསར་བ་ཞིག།
མ་སློང་སྦྱིན་པའི་ཚུལ་འདིར་བློ་བ་དགའ།།
དགའ་སྡུག་འདྲེས་མའི་འཁོར་བའི་མི་ཚེ་འདིར།།
སྣ་མང་ཤེས་བྱའི་ནོར་ལ་ཞེན་པ་མང།།
འོན་ཀྱང་འདུ་འཛི་ལས་ཀྱི་བར་བསང་ནས།།
བློ་རིག་པད་མོ་རྒྱས་པ་ཁྱོད་ཉིད་ཙམ།།
ཧ་ཅང་དུང་བ་རྒོད་པའི་རིག་པ་ཅན།།
རིག་པའི་གཞུང་ལ་དུང་པའི་དཔའ་ཚུལ་འདིས།
གངས་ཅན་བུ་ལ་མཁོ་བའི་སྙན་ཚིག་འཕྲེང།།
མ་སློང་སྦྱིན་པའི་ཚུལ་འདིར་བློ་བ་དགའ།།
རང་གཞན་སུས་ཀྱང་མི་ཤེས་སྡུག་གཏམ་ཞིག།།
རང་གཞན་ཀུན་ལ་ཕོག་པའི་མཚོན་རྣོན་ཞིག།
ཐམས་ཅད་དོགས་པ་སློང་པའི་ཟུར་མདའ་ཞིག།།
ཤ་ཁྲག་རུས་གསུམ་ཁ་ནས་དབང་མེད་ཤོར།།
ཤ་ཆང་ཟས་ཀྱི་བགྲོད་པ་ཁེངས་གྱུར་ན།།
ཁ་ནས་གང་བྱུང་ལབ་པ་འགྲོ་འདིའི་གཤིས།།
རང་གིས་མི་འཇོན་ཀུན་ལ་འཕྱ་་སྨོད་པ།།
དེང་རབས་གཞོན་ནུ་འདི་ཡི་གཤིས་ལུགས་ཡིན།།
ཀ་ཁའི་ངག་གི་འཕྲེང་བ་བསྒྲིག་ཙམ་ཞིག།།
མཁས་བླུན་སུས་ཀྱང་གོ་བ་ལོན་ཙམ་ཞིག།།
རྡོ་ཆག་བཙན་གྱིས་བསྒྲིག་ལྟའི་རྩོམ་ཡིགའདི།།
ཀུན་གྱི་མིག་གིས་མཐོང་ན་ཨ་ལ་ལ།།
ཨ་འཁྱམས་མདོ་སྨད་བུ་རབས་རྒོད་པོ་ཁྱོད།།
རྩོམ་ཡིག་འབྲི་ལ་ངོ་མ་བྱང་ཆ་ཆེ།།
མཁས་བླུན་སུས་ཀྱང་མཐོང་ན་ཡིད་སྨོན་ཤོར།།
གོང་བཤད་ཀུ་རེ་བདེན་པར་མ་འཛིན་ཨ།།
སུ་ལ་བསྐུར་མིན་མི་ཤེས་སྙན་ཚིག་དེར།།
བསམ་བློ་ཡང་ཡང་བཏང་ནས་ཀློག་གྱུར་ཀྱང་།།
གང་ཞིག་གབ་མིན་མི་ཤེས་སྐུ་ཉིད་ལ།།
དོན་འགྲེལ་ཡང་ཡང་གནང་བའི་འབོད་སྐུལ་ཡོད།།
ཡག་པོ་ཞི་དྲག་བྲིས་འདུག།།