ལྷག་རླུང་དྲགས་པོ་ཞིག་གི་ལྟགས་རྒྱབ་དུ།།
ཆུ་འཁྱག་གྲང་མོ་ཞིག་གི་ཕོར་ཁ་ནས།།
མི་གཤིས་གསེར་དུ་རློམ་པའི་སྔ་གཞུག་ན།།
རང་ལ་སེར་ཁ་ཞུགས་པའི་ཚུལ་འདི་མཐོང་།།
ཕྱི་ནས་མཐོང་དུས་ལྷད་མེད་བརྩེ་བ་ཅན།།
ནང་དུ་བལྟས་དུས་ཆགས་སྲེད་དམར་པོ་མེ།།
ཕར་ལ་འཐམ་ན་ཚུར་ལ་བསྲེག་ནས་འོང་།།
དེ་ཡིས་ལུས་ཀྱི་ཕྱི་ནང་གཡོག་དུ་བཀོལ།།
སྐྱི་མོ་མེ་ཏོག་གཟུགས་ལ་མཛེས་ཉམས་ལྡན།།
ཉོན་རྨོངས་དུག་གི་ཆང་འདི་འཐུང་དྲགས་པའི།།
མིག་ལ་གང་ཞིག་ཤར་ཡང་སེར་བོ་ཉིད།།
ཁ་དོག་འདི་ལས་སྐྱུར་དུས་ནམ་ཚོད་ཟིན།།
སླེབས་དུས་མེད་པའི་རྨི་ལམ་འཁྲིགས་པོ་ཞིག།
དྲིས་ལན་བྲལ་པའི་སྟོང་འདང་འཇའ་རིས་ཤིག།
བྲིས་ན་དོན་སྙིང་མེད་པའི་ཡིག་ནོར་ཅན།།
ཆུད་ཟོས་མི་ཚེ་འདི་ལ་ཨ་ཐང་ཆད།།
དུར་སྒམ་མྱེལ་མགོ་བྱས་དེ་ཞེན་ཆགས་ཤིག།
རུས་པ་བཙག་གིས་ཤུད་ཀྱང་འདར་སུག་མེད།།
རང་རིགས་གཅེས་པའི་སྲོག་ལ་འགན་མི་འཁུར།།
འདི་འདྲའི་གཞོན་རབས་ང་ཚོ་མི་མ་རེད།།
བོད་ཀྱི་རྒྱལ་དར་ཁྱེད་ལ་དགོས་དང་མི་ཞེས་ཁྱེད་ཀྱིས་ང་ལ་ལོ་གཅིག་སྔོན་དུ་དྲི་བ་བཏང་མྱོང་ཡོད།
དེ་རིང་ངས་ཁྱེད་ཁ་ཕར་སྐོར་ནས་དྲི་བ་འདི་གཏོང་གི་ཡིན། ཁྱེད་ལ་བོད་ཀྱི་རྒྱལ་དར་དགོས་དང་མི་དགོས་སམ།