ལེའུ་བརྒྱད་པ། ཚེགས་ཆེའི་དགུན་དུས་རིང་མོ།
རྩོམ་པ་པོ། ཆུང་ཚེ་རིང་།
སྤེལ་ས། བོད་ཀྱི་དུས་བབས།
སྤེལ་དུས། ༢༠༡༦།༢།༡༠ ལྷག་དཀར་ཉིན།
༄༅།། ཡི་ཤུ་འཁྲུངས་སྐར་དུས་ཆེན་སྐབས་ཝ་ཤིང་ཊོན་གྱི་དམག་དཔུང་ལ་རྒྱལ་ཁ་ཐོབ་པ་དེས་ཨ་རིའི་གསར་བརྗེར་ཕན་ཐོགས་ཆེན་པོ་བྱུང་། གྲང་ངད་ཆེ་བའི་དགུན་ཁ་རྫོགས་ཏེ་དཔྱིད་ཀ་ཤར་ཡོང་སྐབས། ཁོང་གི་དམག་མི་ཚོར་ངལ་གསོ་ཡག་པོ་ཐོབ་སྟེ་ལུས་སྟོབས་ཅུང་ཟད་ལྡན་པ་ཆགས། ལྷག་པར་དུ་སེམས་ཤུགས་ཆེ་བའི་ཨ་རི་བ་སྟོང་ཕྲག་མང་པོ་ཁོང་གི་དམག་དཔུང་ནང་འཛུལ་བར་ཡོང་བས་དཔུང་ཤུགས་གང་ཙམ་ལྡན་པར་གྱུར།
ཨ་རི་དང་དབྱིན་ཇིའི་དཔུང་སྟོབས་དང་རྒྱུ་སྟོབས་ཀྱི་ཐད་ནས་བཤད་ན། ཨ་རིས་དབྱིན་ཇིའི་ཁ་གཏད་ཆོག་ཐབས་མེད་པ་གསལ་པོ་ཡིན་པས། དཀའ་ངལ་དེའི་སེལ་ཐབས་ཡག་ཤོས་ནི། དཔུང་སྟོབས་ལྡན་པའི་རྒྱལ་ཁབ་གཞན་གྱི་རོགས་རམ་ཐོབ་པ་བྱ་རྒྱུ་དེ་རེད། དགྲ་གྲོགས་ཀྱི་འབྲེལ་བའི་ཐད་ནས་བཤད་ན། དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཡུ་རོབ་ཏུ་ཡོད་ཀྱང་། རྒྱལ་ཁབ་དེ་གཉིས་དུས་ཡུན་རིང་པོའི་རིང་ཕན་ཚུན་དགྲ་རུ་བརྩི་བཞིན་ཡོད་པས། ཨ་རིའི་ངོས་ནས་ད་ཆ་དབྱིན་ཇིའི་བཙན་དབང་འོག་ནས་ཐར་ཆེད། ཧྥ་རན་སིའི་དམག་རོགས་ཡོང་ཐབས་བྱ་རྒྱུའི་ཐག་གཅོད་བྱས།
ཧྥ་རན་སིར་ངོ་སྐྱོད་ཀྱིས་རྒྱལ་འབྲེལ་ཐབས་བྱུས་ཀྱི་འབྲེལ་བ་འཛུགས་མཁན་ནི། བྷན་ཇི་མན་ ཧྥེ་རན་ཀི་ལིང་རེད། ཁོང་ནི་རྩོམ་ཡིག་འདིའི་ཐོག་མར་གླེང་ཟིན་པའི་སྦྲུལ་གཟུགས་རི་མོ་དང་མཉམ་དུ་“བསྒྲིལ་ལམ་ཤི་”ཞེས་འབྲི་མཁན་དེ་རེད། དུས་ཁོམ་བྱུང་ན་ཁོང་གི་ལོ་རྒྱུས་ཅུང་རྒྱས་པ་ཞིག་ཟུར་དུ་འབྲི་བར་བྱ། ད་ནི་དཀྱུས་སུ་ཞུགས་ཏེ་གླེང་ན། ཕྱི་ལོ་ ༡༧༧༦ ལོའི་ལོ་མཇུག་ཏུ་སྐུ་ཞབས་བྷན་ཇི་མན་ལགས་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་ངོ་སྐྱོད་ཀྱིས་ཨ་རིར་དམག་རོགས་ཡོང་བའི་རེ་སྐུལ་གནང་ཞིང་། སྐབས་དེར་ཧྥ་རན་སིས་ཐད་ཀར་དམག་རོགས་མ་བཏང་ཡང་། དངོས་པོའི་རོགས་རམ་གནང་གཏན་འཁེལ་བས། ཕྱི་ལོ་ ༡༧༧༧ ལོའི་དབྱར་དུས་ནས་འགོ་ཚུགས་ཏེ་དཔྱིད་ཀ་བར་གྱི་དུས་ཡུན་ནང་མཚོ་ལམ་བརྒྱུད་སྔ་རྗེས་སུ་གྲུ་གཟིངས་ཆེན་པོ་སུམ་ཅུ་ལྷག་ནང་གསང་བའི་སྒོ་ནས་ཨ་རིར་དམག་མཁོའི་གོ་མཚོན་དང་། བཟའ་བཅའ། གོས་སོགས་ཕོན་ཆེ་རིམ་བསྟུད་དུ་བསྐྱལ། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་སེ་པན་གྱིས་ཀྱང་ཨ་རིར་རོགས་རམ་བྱས།
དབྱིན་ཇིའི་དམག་སྤྱི་ཝི་ལི་ཡམ་ ཧའོ་དང་ཁོང་གི་དམག་དཔུང་རྣམས་ནི་གྲོང་ཁྱེར་ནིའུ་ཡོག་ཏུ་“རྒྱལ་ཞེན་པ་”ཚོས་བཤམས་པའི་གསོལ་སྟོན་ལ་རོལ་བཞིན་ལྷོད་སྡོད་བྱས་ཤིང་། ཕྱི་ལོ་ ༡༧༧༧ ལོའི་དབྱར་དུས་སུ་ཁོང་གི་དམག་དང་དམག་རྟ་རྣམས་གྲུ་གཟིངས་ནང་ནིའུ་ཡོག་ནས་གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡའི་ཕྱོགས་སུ་བསྐྱོད། ཁོང་ལ་མཚོན་ན། གང་མྱུར་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པ་བྱ་རྒྱུ་དེ་གལ་གནད་ཆེན་པོ་ཆགས་ཡོད། གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡ་ནི་ཨ་རིའི་ཆབ་སྲིད་ཀྱི་ལྟེ་གནས་དང་། གྲོང་ཁྱེར་ཆེ་ཤོས། ངོ་ལོག་པ་ཚོའི་གནས་གཞི་གཙོ་བོ་ཡིན་པ་མ་ཟད། ཨ་རིའི་རང་བཙན་གསལ་བསྒྲགས་གཏན་འབེབས་དང་ཁྲོམ་བསྒྲགས་བྱ་ས་ཡང་ཡིན་པས། གྲོང་ཁྱེར་འདིར་དམག་བཤམ་སྟེ་དབང་དུ་བསྡུས་ན། རྩ་བའི་ཆར་ཨ་རིའི་རང་བཙན་དོན་གཉེར་བ་ཚོ་ཕམ་ཉེས་སུ་གཏོང་ཐུབ་པས། གྲོང་ཁྱེར་འདི་ལེན་པ་ལས་ལྷག་པའི་རྒྱལ་ཁ་ཆེན་པོ་ཞིག་མེད་པ་གསལ་པོ་རེད།
ཕྱི་ལོ་ ༡༧༧༧ ལོའི་ཕྱི་ཟླ་ ༧ པའི་ནང་། ཝ་ཤིང་ཊོན་གྱིས་ཀྱང་རང་གི་དམག་དཔུང་རྣམས་གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡར་སྤོས། དེ་ཡང་ཁོང་གིས་དམག་མི་ ༡༦༠༠༠ ཐམ་པ་རུ་སྟར་བསྒྲིགས་ཏེ་བརྗིད་ཉམས་ལྡན་པའི་ངང་གྲོང་ཁྱེར་གྱི་སྲང་ལམ་ནང་གོམ་བགྲོད་བྱེད་བཅུག་པའི་མདུན་དུ། རང་ཉིད་རྟ་དཀར་པོ་ཞིག་ལ་ཀྲོང་ཀྲོང་ངང་བཞོན་ཏེ་སོང་། དམག་འཁྲུག་གི་དུས་ཡུན་རིང་ལུས་སེམས་གཉིས་ཀར་དཀའ་ངལ་མང་པོ་འཕྲད་པའི་དབང་གིས་ཁོང་ཧ་ཅང་བགྲེས་ཡོད་ཀྱང་། སེམས་ཤུགས་དང་ཆོད་སེམས་ནི་སྔར་ལས་ཀྱང་བརྟན་དུ་སོང་ཡོད། དམག་དཔུང་གི་རུ་སྟར་དེ་ལ་གྲོང་མི་ཡོངས་དང་། ཨ་རིའི་ལྷན་ཚོགས་ཀྱི་ཚོགས་མི་ཚང་མས་དགའ་སྤོབས་ཆེན་པོས་བལྟས། འོན་ཀྱང་ཝ་ཤིང་ཊོན་གྱི་དམག་དཔུང་གི་སྒྲིག་ལམ་དང་དམག་ཆས། དམག་རྩལ་རྣམས་ད་དུང་ཡང་ཚད་དང་ལྡན་པ་ཞིག་ཆགས་མེད།
དུས་སྐབས་དེ་ཙམ་ན། ཨ་རིའི་ས་ཁུལ་ཁག་ཁ་ཤས་སུ། དབྱིན་ཇིར་རྒོལ་མཁན་གྱི་དཔུང་དམག་དང་། ངེས་མེད་རྒོལ་རྡུང་དམག་མི་ཡང་གང་ཙམ་ཡོད་ཅིང་། དབྱིན་ཇིའི་ངོས་ནས་ཀྱང་དམག་དཔུང་གཅིག་ཙམ་མ་ཡིན་པར། ཕྱོགས་འགའ་ཞིག་ནས་ཨ་རིར་ཚུར་རྒོལ་བྱེད་འགོ་བརྩམས་པ་ཆ་ཚང་རྒྱས་གླེང་བྱས་ན། ཡིག་ཚོགས་མང་ཞིང་། ཀློག་པ་པོ་ཚོ་མགོ་བོ་རྨོངས་འགྲོ། འོན་ཀྱང་ཨ་རིའི་དམག་དཔུང་གི་ཁོངས་ནས་ཅུང་ཟད་སྟོབས་ཤུགས་ཆེ་བ་གཅིག་ནི་དམག་དཔོན་ཧོ་ར་ཤི་འོ་ གྷེ་ཊི་ (Horatio Gates) ཡི་དམག་དཔུང་ཡིན་ཞིང་། ཁོང་གིས་ཝ་ཤིང་ཊོན་ལ་མཐུན་ལམ་དེ་ཙམ་མི་བྱེད་ཀྱང་། ཝ་ཤིང་ཊོན་གྱིས་དཀྱེལ་ཡངས་ངང་ཁོང་ལ་མཐུན་ལམ་གནང་བ་མ་ཟད། འབྱུང་འགྱུར་གྱི་ཐབས་བྱུས་ལ་དགོངས་ཏེ། ཧོ་ར་ཤི་འོ་ཡི་དམག་ཁོངས་སུ་འཇོན་ཐང་ཅན་གྱི་མི་དང་། དམག་མི་བཏང་སྟེ་སྟོབས་ཤུགས་གོང་འཕེལ་ཡོང་ཐབས་གནང་ཡོད།
![](https://upload.wikimedia.org/wikipedia/en/b/bf/PyleNationmakersPre1911.jpg)
དབྱིན་ཇིའི་དམག་མི་སྟོད་གོས་དམར་པོ་ཅན་རྣམས་གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡའི་ཕྱོགས་སུ་རིམ་པས་འབྱོར། ཁོང་ཚོའི་དམག་རྟ་མང་ཆེ་བ་ལམ་བར་དུ་གྲུ་གཟིངས་ནང་ཤི་ཟིན་ཡང་དཔུང་སྟོབས་ཆེན་པོ་ཡིན་པས། ཝ་ཤིང་ཊོན་གྱི་དམག་དཔུང་གིས་དོ་ཐབས་མེད། དེར་བརྟེན་གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡའི་ཕྱི་རོལ་གྱི་ས་གནས་བྷེ་རནཌིའི་ཝན་(Brandywine)དང་། འཇར་མན་ཋོང་(Germantown)གཉིས་སུ། ཨ་རི་དང་དབྱིན་ཇིའི་དམག་དཔུང་འཐབ་སྐབས། དུས་ཡུན་ཐུང་ངུའི་ནང་། ཨ་རིའི་དམག་ཕམ་པས། ཐ་མ་ཨ་རིའི་ཆབ་སྲིད་ཀྱི་ལྟེ་གནས་གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡ་ཡང་སྲུང་མ་ཐུབ། འོན་ཀྱང་དབྱིན་དམག་གྲོང་ཁྱེར་ནང་མ་སླེབས་གོང་། ཨ་རིའི་དམག་མི་ཚོས་གྲོང་ཁྱེར་ནང་གི་རང་ཕྱོགས་མི་སྣར། དམག་ཕམ་ཉེས་བྱུང་ཚུལ་སྔོན་བརྡ་སྤྲད་པས། ཨ་རིའི་ལྷན་ཚོགས་ཀྱི་ཚོགས་མི་སོགས་དབྱིན་ཇིས་སྡང་སེམས་འཆང་སའི་མི་རྣམས་སྔོན་ཚུད་ནས་བྲོས་ཐུབ་པ་བྱུང་། ཕྱི་ཟླ་ ༩ ཚེས་ ༢༦ ཉིན་དེ་སྔོན་ཝ་ཤིང་ཊོན་གྱི་དམག་དཔུང་རུ་སྟར་བསྒྲིགས་ཏེ་འགྱིངས་བགྲོད་བྱེད་སའི་ཧྥེ་ལ་རྡ་ཕི་ཡའི་སྲང་ལམ་དེ་ག་རང་གི་ནང་དུ། དབྱིན་ཇིའི་དམག་དཔུང་གིས་དབྱིན་ཇིའི་རྒྱལ་པོར་བསྟོད་གླུ་ལེན་བཞིན་འགྱིངས་ཉམས་རུ་བསྒྲིགས་ཀྱིས་སོང་སྟེ་གྲོང་ཁྱེར་དེ་བཟུང་། དེ་ནི་དབྱིན་ཇིའི་དམག་དཔོན་ཧའོ་ཡི་མི་ཚེའི་ནང་གི་རླབས་ཆེ་བའི་ཉིན་མོ་ཞིག་རེད། དེ་ནས་དགུན་དུས་ཤར་ཏེ་གནམ་གཤིས་གྲང་ངད་ཆེ་བས། དབྱིན་ཇིའི་དམག་སྤྱི་ཧའོ་དང་ཁོང་གི་དམག་དཔུང་རྣམས་གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡའི་ནང་གནས་བཅས་ཏེ། སྐྱིད་སྡོད་བྱས།
ཝ་ཤིང་ཊོན་དཔུང་དང་བཅས་པ་དམག་ཕམ་ཏེ་རྒྱལ་ས་ལྟ་བུར་གྱུར་པའི་གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡ་ཤོར་པ་དེས། དམག་དཔུང་དེ་ཙམ་མ་ཟད། ཨ་རི་བ་ཀུན་གྱི་སེམས་ཤུགས་ལ་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཆེན་པོ་བྱུང་། འོན་ཀྱང་སྟབས་ལེགས་པ་ཞིག་ལ། མི་རིང་བའི་སྔོན་ཝ་ཤིང་ཊོན་གྱིས་ཐུགས་རེ་ཆེན་པོས་རོགས་རམ་གནང་སའི་ཨ་རིའི་དམག་དཔོན་གོང་དུ་གླེང་ཟིན་པ་ཧོ་ར་ཤི་འོ་ གྷེ་ཊི་ (Horatio Gates) སོགས་ཀྱི་དམག་དཔུང་ལ། ནིའུ་ཡོག་གྲོང་ཁྱེར་གྱི་བྱང་ཕྱོགས་ཡུལ་ས་ར་ཏོ་ག་(Saratoga)ཞེས་པར་དབྱིན་དམག་དང་འཐབ་སྐབས་རྒྱལ་ཁ་ཆེན་པོ་ལོན་པས། དེས་ཨ་རི་བ་ཚོའི་སེམས་ཤུགས་ལ་ཧ་ཅང་ཕན་ཅིང་། གནས་ཚུལ་དེ་ཡུ་རོབ་ཏུ་ཁྱབ་སྐབས། ཨ་རི་བ་ཚོ་ལ་ད་དུང་ཡང་ནུས་པ་ངེས་ཅན་ཡོད་པ་འདྲ་ཞེས་དབྱིན་ཇི་བ་ཚོ་ཧང་སངས། ཨ་རིར་རྒྱབ་སྐྱོར་བྱེད་མཁན་ཧྥ་རན་སིའི་མི་ཚོ་ནི་རང་ལ་རྒྱལ་ཁ་ཐོབ་པ་ལྟར་དགའ་བས་མྱོས་ཏེ། ཁྲོམ་གཞུང་དུ་དགའ་སྟོན་ཡང་བྱས་སྐད།
ད་ཆ་དགུན་ཁ་ཤར་བས། ཝ་ཤིང་ཊོན་དཔུང་དང་བཅས་པར་གྲང་ངར་ཆེ་བའི་ནམ་དུས་བསྐྱལ་སའི་ས་ཆ་ཞིག་དགོས་ཀྱི་ཡོད་སྟབས་གང་སར་ལྟ་འཚོལ་བྱས་མཐར། གྲོང་གསེབ་ཧྥོར་ཇི་(Valley Forge)ཞེས་པ་ཞིག་བརྙེད། གྲོང་གསེབ་དེ་ནི། དབྱིན་ཇིར་ཤོར་མ་ཐག་གི་གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡ་ནས་སྤྱི་ལེ་ ༣༢ ཙམ་གྱི་སར་ཡོད་པས། གོ་སྐབས་ཤར་ཚེ་སླར་ཡང་དབྱིན་དམག་ལ་ཕར་རྒོལ་བྱེད་བདེ། གྲོང་གསེབ་ཀྱི་ཆགས་བབས་ནི་གཙང་པོ་སེ་ཀོའོ་ ཀལ་(Schuylkill= skoo-kəl)ཞེས་པའི་ཉེ་འགྲམ་གྱི་རི་སྟེང་ས་ཆ་བཙན་ས་ཡིན་པས། དབྱིན་དམག་གིས་གློ་བུར་ཚུར་རྒོལ་བྱ་དཀའ་བའི་ཁྱད་ཆོས་ལྡན། དེར་བརྟེན་ཁོང་གིས་རང་དམག་རྣམས་ས་དེར་དཔུང་སྐྱོད་བྱ་དགོས་པའི་བཀའ་ཕབ། ཁོང་གི་དམག་མི་རྣམས་དམག་ཕམ་པའི་བློ་ཕམ་དང་། བཟའ་བཅའ་མེད་པའི་སྡུག་བསྔལ། ལམ་བར་གྱི་དཀའ་ཚེགས་བཅས་ཀྱིས་རབ་ཏུ་མནར་ཞིང་། དམག་མི་འགའ་ཞིག་ལ་ལྷམ་ཡང་མེད་པས། རྐང་རྗེན་དུ་གོམ་བགྲོད་བྱས། དམག་སྤྱི་ཝ་ཤིང་ཊོན་རང་གིས་ཨ་རིའི་ལྷན་ཚོགས་ལ་སྐབས་དེར་སྤྲིངས་པའི་འཕྲིན་ཞིག་ཏུ། ངའི་དམག་དཔུང་གི་རྐང་
![](http://media-2.web.britannica.com/eb-media/34/65234-004-D00EE604.jpg)
པའི་ཁྲག་རྗེས་དེད་ན། ང་ཚོའི་རྗེས་སུ་འབྲངས་ཐུབ་ཅེས་བྲིས་འདུག །དུས་སྐབས་དེ་རང་ལ་དམག་དཔུང་དེའི་ནང་ཡོད་པའི་སྨན་པ་གཞོན་ནུ་ཞིག་གི་ཉིན་ཐོའི་ནང་དུའང་། གྲོང་གསེབ་ཧྥོར་ཇིར་འགྲོ་བར་གཟའ་འཁོར་གཅིག་ཙམ་འགོར་བ་དང་། ལམ་བར་དུ་ཁ་བ་ཆེན་པོ་རྒྱུན་མཐུད་དུ་བབས་ཤིང་ཁོང་པ་ནད་ཀྱིས་མནར་བ། ཟས་སུ་རྩྭ་ལྡུམ་གྱི་ལོ་མ་སྐམ་པོ་ཆུའི་ནང་བསྐོལ་བའི་ཐུག་པ་ཚུན་ནས་བཏུང་ཚུལ་བྲིས་འདུག །དམག་དཔུང་དེའི་ནང་ཡོད་པའི་དམག་མི་ལོ་གཞོན་རྗོ་སེབ་ མར་ཏིན་(Joseph Martin)གྱི་ཉིན་ཐོའི་ནང་དུའང་། ང་ཚོ་གྲོང་གསེབ་ཧྥོར་ཇི་ལ་སླེབས་དུས། ས་སྲོད་མུན་ནག་ཡིན་ཅིང་། ཆུ་མེད་པས་སྐོམ་གདུང་གིས་ཤི་ས་རེད་སྙམ་ཚུལ་བྲིས་འདུག་པས། དཀའ་ཚེགས་ཤིན་ཏུ་ཆེན་པོ་བྱུང་བར་མངོན།
གྲོང་གསེབ་ཧྥོར་ཇི་ལ། དཀར་སིལ་སིལ་གྱི་ཁ་བ་དང་། འུར་འུར་དུ་ལྡང་བའི་རླུང་བུ། འཁྱགས་པས་བསྡམས་པའི་ཆུ་མ་གཏོགས་གཞན་ཨ་རིའི་དམག་མི་ཁྲི་གཅིག་ལ་མཁོ་བའི་ཟས་དང་གནས་ཁང་ཅི་ཡང་མེད་པས། ཕྱི་ཉིན་ཝ་ཤིང་ཊོན་གྱིས་རང་དམག་ལ། ཉེ་འདབས་ཀྱི་ནགས་ཚལ་ནས་ཤིང་བཅད་དེ། སྡོད་ཁང་བསྐྲུན་དགོས་པའི་བཀའ་ཕབ། དམག་མི་ཚོས་ཁོང་གི་བཀའ་བཞིན་སྟབས་བདེའི་སྡོད་ཁང་ཆིག་སྟོང་གང་མྱུར་བསྐྲུན་པ་དེ་དག་གི་ཆ་ཚད་ནི་ཀུན་ནས་མཚུངས་པ་སྟེ། སྡོད་ཁང་རེར་སྒོ་རེ་དང་དུ་ཁུང་རེ་ཡོད་ཅིང་། ནང་དུ་དམག་མི་བཅུ་གཉིས་རེ་ཤོང་ཐུབ། ཐོག་མའི་ཆར་གནམ་གཤིས་དེ་ཙམ་གྱིས་མི་གྲང་ཡང་། རིམ་པས་ཇེ་གྲང་ལ་སོང་ཐོག ཁ་བ་ཧ་ཅང་ཆེན་པོ་བསྟུད་མར་བབས་པས། སྟབས་བདེའི་སྡོད་ཁང་གི་ཐོག་སྟེང་ནས་ཐིགས་པ་འཛགས་ཤིང་། སྡོད་ཁང་གི་ནང་དུ་འདམ་བག་ཆགས། ཁང་པའི་རྩིག་གསེང་ནས་རླུང་གྲང་མོ་རུས་པའང་གས་སྙམ་པ་ལྡང་འོང་། གྲང་ངར་ལས་སྐྱོབས་བྱེད་ཀྱི་གོས་དང་ཉལ་ཆས་ལྡང་ངེས་ཀྱང་མེད། ཟས་སུ་སྐབས་རེ་གྲོ་ཕྱེ་ཕྲན་བུ་ཐབས་ཤེས་ཐུབ་པ་བྱུང་ཚེ་བག་ལེབ་བཟོས་ཏེ་བཟའ། གྲོ་ཕྱེ་རྫོགས་དུས་ཤིང་ནགས་ནང་དུ་སོང་ནས་ཤིང་འབྲས་ཀྱི་ཚི་གུ་དང་། རི་དགས་རྔོན་པ་སོགས་མདོར་ན་བཟའ་རུང་བ་ཅི་སྙེད་བཙལ་ཏེ་འཚོ་ཐབས་བྱས། དེ་དུས་ཀྱི་ཁོང་ཅག་གི་དམག་གཞས་གསར་པ་གཞས་ཚིག་ཏུ་“ཤ་མེད། གོས་མེད། ཕྱེ་མེད། དམག་མེད་”ཅེས་རང་རེའི་ཤེས་རབ་སྙིང་པོའི་ཚིག་འདྲ་བ་ཞིག་ཀྱང་དར་འདུག་གོ །
ཝ་ཤིང་ཊོན་གྱིས་ཨ་རིའི་ལྷན་ཚོགས་ལ། རང་གི་དམག་མིའི་དཀའ་ངལ་སྙན་སེང་ཞུས་ཏེ་གང་མགྱོགས་དམག་མཁོའི་འབྲུ་རིགས་དང་མཐུན་རྐྱེན་གཏོང་རོགས་ཞུས་ཀྱང་། སྐབས་དེར་ལྷན་ཚོགས་ཀྱི་ངོས་ནས་ཕན་ནུས་ཆེན་པོ་ཐོན་པ་གང་ཡང་གནང་ཐུབ་མེད་པ་དཔེར་ན། ས་ཕྱོགས་གཞན་ན་ཟ་འབྲུ་ལྷག་མ་མང་པོ་ཡོད་ཀྱང་། ལྷན་ཚོགས་ཀྱི་འཛིན་སྐྱོང་དང་དོ་དམ་ནུས་པ་ཞན་པའི་དབང་གིས་འབྲུ་རིགས་དེ་དག་དམག་དཔུང་ཡོད་སར་སྐྱེལ་འདྲེན་ཐུབ་མེད། སྤྱིར་ན་ཨ་རིའི་ནང་ས་རྒྱ་ཆེ་ཞིང་། ཐོན་འབབ་ལེགས་པས། དམག་དཔུང་གནས་སའི་ཉེ་འདབས་གྲོང་གསེབ་ཁག་ཏུ་ཟ་འབྲུ་འཕྲོས་འཁྱིལ་མང་པོ་ཡོད་ཀྱང་། གྲོང་གསེབ་པ་ཚོས་སྤྱི་དོན་དུ་དཀའ་ཚེགས་མྱོང་བཞིན་པའི་དམག་མིར་མ་སྤྲད་པར། དབྱིན་ཇིའི་ས་ནས་རིན་གོང་མཐོ་པོ་བླངས་ཏེ་འཚོང་རྐྱང་བྱས།
སྡུག་ཐོག་སྡུག་བརྩེགས་ཀྱི་དཔེ་ལྟར། ཕྱི་ལོ་ ༡༧༧༨ ལོའི་ཕྱི་ཟླ་ ༣ པའི་ནང་། གངས་རླུང་འཚུབ་མ་གཅིག་མཇུག་གཉིས་མཐུད་དུ་ལྡང་ནས་ཨ་རིའི་དམག་དཔུང་ལ་དཀའ་ངལ་བཟོས་ཤིང་། དེ་དང་མཉམ་དུ་ནད་ཡམ་ཁྱབ་སྟེ་དཔྱིད་ཀ་ཤར་དུས། དམག་མི་བཞི་ཆ་གཅིག་ནད་ཀྱིས་གྲོངས་ཟིན། དཀའ་ཚེགས་ཤིན་ཏུ་ཆེ་བའི་དབང་གིས་དམག་མི་སྟོང་ཕྲག་བྲོས་བྱོལ་ལ་སོང་བ་དང་། འགའ་ཞིག་རང་ཁྱིམ་ལ་ལོག ཉུང་ཤས་ཤིག་དབྱིན་ཇིར་མགོ་བཏགས་ཏེ་དབྱིན་དམག་གི་ཁོངས་སུ་འཛུལ་བ་བཅས་མདོར་ན། གྲོང་གསེབ་ཧྥོར་ཇིར་ཟླ་བ་དྲུག་ཙམ་བསྡད་རྗེས་སྔོན་ཡོད་དམག་མི་ཁྲི་གཅིག་ལྷག་གི་ནང་ནས་གསུམ་སྟོང་ཙམ་མ་གཏོགས་ལྷག་མེད།
འོན་ཀྱང་ལྷག་ལུས་དམག་མི་གསུམ་སྟོང་དེ་ནི་དགུན་དུས་ཀྱི་དཀའ་ཚེགས་ཤིན་ཏུ་ཆེན་པོ་དེ་ལ་ལུས་སེམས་གཉིས་ཀས་གདོང་ལེན་ཐུབ་མཁན་ཤ་སྟག་ཡིན་པའི་ཐོག །ཁོང་ཚོར་ཡུལ་གཞན་གྱི་མིས་ཚད་མཐོའི་དམག་སྦྱོང་སྤྲད་སྟབས། ཧྥོར་ཇི་ནས་ཐོན་ཡོང་དུས་ཝ་ཤིང་ཊོན་གྱི་དམག་དཔུང་དེ་སྔོན་ལས་སྟོབས་ཤུགས་ཆེ་ལ་སྒྲིག་ལམ་ལེགས་པ་ཞིག་ཏུ་གྱུར། དེ་ཡང་ཨ་རིའི་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཡུ་རོབ་ཀྱི་མི་འགའ་ཞིག་དངོས་སུ། ཨ་རིའི་དམག་དཔུང་ནང་ཡོང་སྟེ་དམག་སྦྱོང་སྤྲད་ཅིང་། དེ་ཚོའི་ཁྲོད་ཀྱི་གཙོ་བོ་གཉིས་ནི་ཧྥ་རན་སི་ནས་ཡིན་པའི་ལ་ཧྥ་ཡེད་ཐ་(Marquis de Lafayette) དང་། འཇར་མ་ནི་ནས་ཡིན་པའི་ཤེ་ཏའི་བྷིན་(Baron von Steuben) རེད། ལ་ཧྥ་ཡེད་ཐ་ནི་ཧྥ་རན་སིའི་འབྱོར་ལྡན་གཞོན་ནུ་ཞིག་ཡིན་ཞིང་། ཁོང་གིས་ཨ་རིའི་རང་བཙན་འཐབ་རྩོད་དེ་དྲང་བདེན་གྱི་འཐབ་རྩོད་ཅིག་ཏུ་མཐོང་སྟེ། དེ་ལ་རྒྱབ་སྐྱོར་གྱི་
![](http://pabook2.libraries.psu.edu/palitmap/ValleyForgeSteubenDrillingTroops.jpg)
ཆེད་དུ་རང་ངོས་ནས་ཨ་རིར་ཡོང་། དམག་དཔུང་ནང་ཞུགས་ནས་ལོ་མང་དབྱིན་ཇིར་དམག་འཐབ་བྱས་པའི་བརྒྱུད་རིམ་ནང་། ཝ་ཤིང་ཊོན་དང་ཕ་བུ་ལྟ་བུའི་བརྩེ་དུང་ཆགས། ཁོང་གིས་གོང་དུ་གླེང་ཟིན་པའི་ཧྥོར་ཇི་གྲོང་གསེབ་ནང་ཨ་རིའི་དམག་མིའི་མཉམ་དུ་དཀའ་ཚེགས་མྱངས་པ་མ་ཟད། ཨ་རིའི་དམག་དཔུང་ཡར་རྒྱས་ཡོང་ཐབས་སུ་རོགས་འདེགས་གནང་ཡོད། ཤེ་ཏའི་བྷིན་ནི་ཆུང་དུས་ནས་དྲག་པོའི་སྦྱོང་བརྡར་ལེགས་པར་ཐོབ་སྟེ་དམག་དཔོན་གྱི་གོ་གནས་ཐོབ་མྱོང་། ཝ་ཤིང་ཊོན་དང་ཁོང་གི་དམག་དཔུང་རྣམས་ཧྥོར་ཇི་གྲོང་དུ་དཀའ་སྡུག་མྱོང་སྐབས། ཁོང་དེར་ཡོང་སྟེ་དང་བླངས་ཀྱི་མིང་ཐོག་ནས་དམག་མི་ཚོར། རུ་སྟར་བསྒྲིགས་ཚུལ་དང་། མེ་མདའ་འཕེན་སྟངས། བཀའ་བཀོད་དང་ལེན་བྱ་ཚུལ་སོགས་དམག་གི་བྱེད་སྒོ་རྣམ་གྲངས་རྣམས་ནན་ཏན་ངང་བསླབས། ཁོང་གིས་རྒྱུན་དུ། ཐབ་ཕྱིས་ཤིག་ཡིན་རུང་བཀྲུས་ན་དག་ཐུབ་ཅེས་གསུངས་ཏེ། ཨ་རིའི་དམག་དཔུང་ལ་གཅུན་འདོམ་ཚད་དང་ལྡན་པ་རྒྱུན་མཐུད་ངང་གནང་བས། ཐ་མ་དམག་དཔུང་དེ་ཧྥོར་ཇི་གྲོང་ནས་ཐོན་ཡོང་སྐབས། དམག་གྲངས་ཉུང་དུ་སོང་ཡོད་ཀྱང་དམག་སྟོབས་སྔོན་ལས་ཆེ་རུ་སོང་ཡོད། ཁོང་གིས་ཕྱིས་སུ་ཨ་རིའི་དམག་དཔུང་གི་སྒྲིག་བཀོད་དང་འབྲེལ་བའི་གཏན་འབེབས་(Regulations for the Order and Discipline of the Troops of the United States) ཞེས་པ་ཞིག་བྲིས་པ་དེ་ཕྱི་ལོ་ ༡༨༡༢ བར་ཨ་རིའི་དམག་དཔུང་གིས་རྩ་འཛིན་ཡིག་ཆའི་ཚུལ་དུ་སློབ་སྦྱོང་དང་ལག་བསྟར་བྱས་སོ།།
ལོ་དེའི་དཔྱིད་ཀར། གཏམ་བཟང་ཞིག་ཀྱང་ཐོན་པ་སྟེ། ཧྥ་རན་སིའི་ངོས་ནས་དེ་སྔོན་ཨ་རི་ལ་མི་མངོན་པའི་སྒོ་ནས་རྒྱབ་སྐྱོར་བྱེད་པ་ལས། མངོན་གསལ་དུ་རྒྱབ་སྐྱོར་མི་བྱེད་ཀྱང་། འདི་ནས་བཟུང་ཨ་རིའི་རང་བཙན་གྱི་འཐབ་རྩོད་ལ་མངོན་གསལ་དུ་དམག་རོགས་བྱ་རྒྱུའི་ཐག་གཅོད་བྱས་ཏེ། སྦྱོང་བརྡར་རྩེ་ཕུད་དུ་སོན་པའི་དཔུང་དམག་དང་། དམག་གྲུ། གོ་མཚོན། རོགས་དངུལ་མང་པོ་བཅས་བཅས་ཨ་རིར་བཏང་། ཧྥ་རན་སིས་ཨ་རིར་དམག་རོགས་བྱས་རྗེས་སུའང་ཨ་རི་དང་དབྱིན་ཇིའི་བར་གྱི་དམག་འཁྲུག་ལོ་མང་རིང་མཇུག་མ་བསྒྲིལ་ཡང་། ཧྥ་རན་སིས་མངོན་གསལ་དུ་དམག་རོགས་བྱ་རྒྱུའི་ཐག་གཅོད་འདིས་ཨ་རིའི་གསར་བརྗེའི་ལས་འགུལ་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་པ་བཅས་ཀྱི་ལེའུ་སྟེ་བརྒྱད་པ་རྫོགས་སོ།། །།
ཨ་རི་དང་དབྱིན་ཇིའི་བར་གྱི་དམག་འཁྲུག་མཇུག་བསྒྲིལ་ཏེ་ཆིངས་འགྲིག་བཞག་པ་སོགས་ཀྱི་ལོ་རྒྱུས་མཁྱེན་པར་འདོད་ན། གཟའ་འཁོར་རྗེས་མར་ལེའུ་དགུ་པ་དམག་ཐག་ཆོད་པ་ཞེས་པ་དེར་གཟིགས་པར་ཞུའོ།། །།
(རྩོམ་ཡིག་འདི་བྲིས་ཚར་རིམ་བཞིན་ལྷག་དཀར་ནམ་ཡིན་ལ་རིམ་ཅན་དུ་སྤེལ་བ་ཞིག་ཡིན། དུས་ཚོད་དཀོན་པའི་དབང་གིས་ཚིག་དོན་གཉིས་ཀར་སྐྱོན་ཆ་ཡོད་ངེས་པས། ཀློག་པ་པོ་ཚོས་ཡིག་ནོར་གཅིག་མཐོང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་དེ་བཟོ་བཅོས་ཀྱི་རོགས་རམ་གནང་རོགས། གཞན་ཡང་རྩོམ་འདི་བཀླགས་པ་ལས་བྱུང་བའི་མྱོང་ཚོར་དང་བསམ་ཚུལ་ག་རེ་བྱུང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་ན་དགའ་བསུ་ཡོད། ཐུགས་རྗེ་ཆེ།)
ཉིད་ཀྱིས་མཛད་བྲེལ་ཆེ་བའི་དུས་ཚོད་བར་གསེང་ལ་ཨ་མེ་རི་ཀའི་རང་བཙན་འཐབ་རྩོད་དང་འབྲེལ་བའི་ལོ་རྒྱུས་འདི་འདྲ་རྩོམ་འབྲི་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ། འདིས་བོད་ཀྱི་སྐད་ཡིག་བརྒྱུད་ལམ་རྐྱང་པར་བརྟེན་པ་ཚོར་གོ་རྟོགས་ངེས་ཅན་ཡོང་རྒྱུ་ཡིན་པ་བཤད་མ་དགོས། རྩོམ་ཡིག་ཡོངས་རྫོགས་ལ་ཞིབ་ཚགས་བྱས་ནས་ལྟ་མ་ཐུབ་ཀྱང་ལེའུ་འགའ་ཤས་ལ་བལྟས་པའི་ཁྲོད་ནས་བསམ་ཚུལ་འགའ་ཤས་ཞུ་རྒྱུ་ཡོད་ཀྱང་། བར་སྐབས་རིང་དུས་ཚོད་ཀྱི་ཁོམ་ལོངས་ཡོང་གི་མི་འདུག་པས་བྱུང་ན་རྗེས་སུ་ཞུ་འཆར་ཡིན།
དྲན་དབང་རེ་མདོ་སེངྒེ་ལགས་ཀྱིས་ཐུགས་སྣང་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། མཛད་ཁོམ་བྱུང་ཚེ། འདིར་ཕེབས་ནས་ལེགས་བཅོས་ཀྱི་དགོངས་འཆར་གནང་རོགས། དྲྭ་རྩོམ་གྱི་ཁྱད་ཆོས་གཅིག་ནི་སྐབས་དུས་གང་དུའང་བཟོ་བཅོས་བྱས་ཆོག་པ་དེ་རེད། ཐུགས་རྗེ་ཆེ།
ཆུང་ཚེ་རིང་ལགས། ཨ་རིའི་ལོ་རྒྱུས་ཕྱག་རྩོམ་གནང་བར་ཐུགས་རྗེ་ཆེ་ཞུ། རིམ་པ་བཞིན་ཀློག་གི་ཡོད། བསམ་ཚུལ་ཏོག་ཙམ་རེ་ཞུ་དགོས་བསམ་ཡང་དུས་ཚོད་ཀྱིས་ལྕོག་གི་མི་འདུག བཟང་ཕྱོགས་ནས་ཨ་རིའི་ལོ་རྒྱུས་དེ་བོད་སྐད་ཀྱི་ཚིག་འགྲོས་སྟེང་ལ་འཇོག་སྟངས་དེ་ཧ་ཅང་འཕྲོད་པོ་དང་བདེ་བོ་གནང་འདུག་ཐུགས་རྗེ་ཆེ།
བསོད་ཚེ་ལགས་ཀྱིས་མཛད་བྲེལ་ཆེ་བར་མ་ལྟོས་པར། ཐུགས་སྣང་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། རྩོམ་ཡིག་འདིར་ལེགས་བཅོས་ཀྱི་དགོངས་འཆར་གང་མཆིས་ལྷུག་སྩོལ་གནང་རོགས། དེས་ཏན་ཏན་ཕན་ཐོགས་ཡོང་ངེས་རེད།