ལོ་ལྟར་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་ཞུ་སྲོལ་ཡོད་པ་ལྟར་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་རིའི་མ་ཡོ་སྨན་ཁང་ནས་བརྟག་དཔྱད་ཞུས་པ་བརྒྱུད་སྐུ་ཁམས་སྔར་བཞིན་བདེ་ཐང་ཡིན་པའི་དཔྱད་འབྲས་སྙན་སྒྲོན་ཞུས་འདུག
༧གོང་ས་མཆོག་ཨ་རིའི་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ཁུལ་དེའི་ནང་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང་། ལོ་ལྟར་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ལ་སྨན་པས་བརྟག་དཔྱད་ཞུ་སྲོལ་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་རོ་ཆི་སི་ཊར་ (Rochester) གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མ་ཡོ་སྨན་ཁང་ (Mayo Clinic) དུ་ཞབས་སོར་བཀོད་ཡོད་པ་དང་། གནམ་ཐང་ནས་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་མ་ཡོ་སྨན་ཁང་གི་འབྲེལ་ཡོད་སྐུ་ཚབ་འཐུས་མི། དེ་བཞིན་སྨན་ཁང་གི་༸སྐུའི་ཕྱི་ལུགས་བླ་སྨན་པ། དེ་བཞིན་བོད་མི་སེར་སྐྱ་རྒན་གཞོན་ཁྱོན་མི་གྲངས་ ༢༠༠ ཙམ་གྱིས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་ཞུས་ཡོད་པ་རེད།
༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་ཕེབས་བསུ་ཞུ་མཁན་རྣམས་ལ་འཚམས་འདྲི་དང་། དེར་ཡོད་ནད་པ་ཁག་གཅིག་ལ་ཐུགས་བརྩེ་བ་ཆེན་པོས་ནད་གཞིའི་གནས་སྟངས་སྐོར་བཀའ་རྩད་དང་སྦྲགས། སྤང་བླང་འཇུག་ལྡོག་ཚུལ་བཞིན་བྱེད་དགོས་པའི་ལམ་སྟོན་མཛད་དེ་སྨན་ཁང་གི་སྟེང་ཐོག་ཏུ་ཕེབས་སྐབས། སྨན་པ་དང་སྨན་ཞབས་པ། དེ་བཞིན་ལས་བྱེད་སོགས་ཀྱིས་༧མགོན་པོ་གང་ཉིད་ལ་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་རེད། ལོ་ལྟར་མ་ཡོ་སྨན་ཁང་ནས་༸སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་ཞུ་སྲོལ་ཡོད་པ་ལྟར་བརྟག་དཔྱད་ཞུས་པ་བརྒྱུད་ད་ལོ་ཡང་སྐུ་ཁམས་སྔར་བཞིན་གསལ་ཐང་ཡིན་པའི་དཔྱད་འབྲས་སྙན་སྒྲོན་ཞུས་ཡོད་འདུག
དེ་ནས་ཚེས་ ༡༥ ཉིན་༧གོང་ས་མཆོག་ཨ་རིའི་ནུབ་ཕྱོགས་ཁ་ལི་ཧྥོ་ནི་ཡའི་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་ཨ་རིའི་ཁ་ལེ་ཧྥོར་ནེའུ་ཡའི་གཙུག་ལག་སློབ་གྲྭ་ཆེན་མོར་སྣ་ཚོགས་པའི་མཛེས་སྡུག་དང་ལེན་ (Embracing the Beauty of Diversity in our World) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད།
ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ པའི་ཐོག་མི་ནི་སོ་ཊ་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་མི་མང་ལ་འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མའི་ལྗགས་ལུང་བཀྲིན་བསྩལ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༥ ཉིན་ཕྱིར་རྒྱ་གར་ནང་ཆིབས་ཞབས་བསྒྱུར་རྒྱུ་དང་། དེ་ནས་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་འཆར་ཡོད་འདུག
པདྨ་མཚོས་སྐུ་སྒེར་དྲ་བ་ལས་བཏུས།
vyc
གཏམ་བཟང་གནས་ཚུལ་སྤེལ་བ་བཀྲིན་ཆེ་།
གངས་ཅན་མགོན་པོའི་སྐུ་ཚེ་མཛད་འཕྲིན་འཕེལ་།
འཛམ་གླིང་ཞི་བདེའི་ལམ་སྟོན་གོང་ས་མཆོག་།
གང་གི་སྐུ་ཡིས་གསང་གསུམ་དབྱར་མཚོ་ལྟར་།
མི་ནུབ་རྒྱལ་ཚན་ས་གསུམ་ཡོངས་ལ་གྲགས་།
ལུས་ཅན་བདེ་བའི་ཐབས་ལ་ཉིན་ཚན་བྲེལ་།
ཉི་ཟླ་བཞིན་དུ་སྐུ་ཚེ་བརྟན་པ་ཤོག་།